མཚམས་སྦྱོར།


༄༅།། མཁན་ངག་དབང་རིན་ཆེན་རྒྱ་མཚོ་མཆོག་ནི། རབ་བྱུང་ ༡༦ པའི་ཤིང་སྤྲེལ་ཕྱི་ལོ་ ༡༩༦༥ ལོར་མགོ་ལོག་ཏུ་འཁྲུངས། དགུང་གྲངས་བཅུ་གཅིག་སྟེང་དབྱངས་གསལ་སྦྱོར་ཀློག་སོགས་ཚེགས་མེད་དུ་མཁྱེན་ཅིང་། མཁན་པོ་སངས་བསྟན་དང་། ཀ་ཐོག་རྨོག་ཚ་སྤྲུལ་སྐུ། གཡུ་ཐོག་ཀརྨ་བསོད་ནམས། སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཀ་དག་ཡེ་ཤེས་སོགས་སྐྱེས་ཆེན་དུ་མའི་མདུན་ནས་གསང་སྔགས་སྙིང་མའི་ཆོས་སྐོར་གྱི་གཙོའི་དབང་བཀའ་རྒྱ་ཆེར་ཞུས།

དགུང་གྲངས་བཅོ་བརྒྱད་ཐོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཀ་དག་ཡེ་ཤེས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་རིག་དཔལ་ཞེས་གསོལ། དགུང་གྲངས་ཉེར་གཅིག་ཐོག་རྡོ་རྗེ་འཛིན་པ་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྡོ་རྗེ་བཞི་དང་། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཉམས་བཞེས་མཛད་ཅིང་། མཚན་ངག་དབང་རིན་ཆེན་རྒྱ་མཚོར་གསོལ།

དགུང་ལོ་ཉེར་གཉིས་སྟེང་དམ་པ་དེ་ཉིད་ཀྱི་མདུན་ནས་བསྙེན་པར་རྫོགས། ཉེར་ལྔའི་ཐོག་སླར་ཡང་ལོ་གསུམ་རིང་ཟབ་ལམ་སྦྱོར་དྲུག་ཐུགས་བརྩོན་དྲག་པོས་ཉམས་བཞེས་མཛད་པས་སོར་བསམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། གཞན་ཡང་མཁན་ཆེན་ཤེས་རབ་གསལ་བྱེད། རྗེ་དཀོན་མཆོག་ཐུགས་རྗེ་དཔལ། སྐྱབས་རྗེ་ངག་དབང་ཡོན་ཏན་བཟང་པོ། མཆོག་སྤྲུལ་འཇིགས་མེད་རྡོ་རྗེ། མཁས་དབང་བདེ་ལེགས་རབ་རྒྱས། འབྲས་རབ་འབྱམས་པ་དངོས་གྲུབ་དཔལ། མཁན་བློ་བཟང་ཆོས་གྲགས་རྒྱ་མཚོ། མཁན་ཀུན་དགའ་འོད་ཟེར་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་ཚད་ཕར་དབུ་གསུམ་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། སྒྲུབ་ཐབས་རིན་འབྱུང་། གཤིན་རྗེ་རབ་འབྱམས་སོགས་གསང་སྔགས་རྒྱུད་སྡེ་བཞིའི་དབང་ལུང་ཁྲིད་གསུམ། རི་ཆོས་ངེས་དོན་རྒྱ་མཚོ། ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་སོགས་རང་ལུགས་ཐུན་མོངས་མ་ཡིན་པའི་གཞུང་དང་། ཐུན་མོངས་རིགས་གནས་སྙན་ངག སུམ་རྟགས་དག་གསུམ། རྩིས་དཀར་ནག དཀྱིལ་འཁོར་ཐིག་རྩ་སོགས་མདོར་ན་མདོ་སྔགས་ཡོངས་སུ་རྫོགས་པ་གསན་བསམ་མཐར་ཕྱིན་མཛད།

དགུང་གྲངས་སུམ་ཅུ་པར་སྐྱབས་རྗེ་ངག་དབང་ཡོན་ཏན་བཟང་པོ་མཆོག་གིས་གདོང་གཡོན་ཆོས་སྒར་གྱི་མཁན་པོ་བསྐོ་བཞག་མཛད། དགུང་གྲངས་སོ་དྲུག་ནས་དགོན་གཞི་དེར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གསར་འཛུག་དང་འབྲེལ། ལོ་ལྟར་འཆད་ཉན་ཆད་མེད་ཀྱིས་དཔེ་ཁྲིད་གནང་།

དགུང་ལོ་ཞེ་དྲུག་ཕྱི་ལོ་ ༢༠༡༠ ལོར་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་པོར་ཕེབས་ཏེ། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་རྒྱུན་ཆགས་མཛད་ཅིང་། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་དང་། སྐྱབས་ཁྲིད། ལམ་རིམ་བདུད་རྩིའི་ཉིང་ཁུ། དབུ་མ་ཐེག་མཆོག་མཛོད་སོགས་ཀྱི་དཔེ་ཁྲིད་མཛད།

དགུང་ལོ་ཞེ་བདུན་ཕྱི་ལོ་ ༢༠༡༡ ལོར་དགོན་པ་དེར་དུས་འཁོར་ལྷ་དགུའི་སྒྲུབ་མཆོད་དང་། དབང་ཆེན་རྟ་མཆོག་རོལ་བའི་སྒྲུབ་མཆོད་དགུ་གཏོར་བཅས་གསར་འཛུགས་མཛད་པ་སོགས་ངེས་དོན་བསྟན་པའི་རྒྱལ་མཚན་མཐོན་པོར་སྒྲེང་བཞིན་བསྟན་འགྲོའི་དོན་དུ་འཚོ་ཞིང་བཞུགས་སོ།།  
དེ་ཙམ་དུ་དམ་པ་ཁོང་གི་རྡོ་རྗེའི་སྤུན་གྱི་གྲལ་མཐའ་བ་བེ་རི་རིག་པས་རྡོ་རྗེས་བྲིས་སོ༎