གཞན་སྟོང་དབུ་མའི་རྒྱན།

ཐོག་མར་དགེ་བ་ཀླད།

མཚན་བྱང་།


༄༅།།  གཞན་སྟོང་དབུ་མའི་རྒྱན་ཞེས་བྱ་བ་བཞུགས་སོ།།

མཆོད་བརྗོད།


༄༅།།  ཨོཾ་སྭཱ་སྟི།  ན་མོ་བུདྡྷ་ཡ།  གང་གི་ཡེ་ཤེས་རྡོ་རྗེའི་མེ་ལྕེ་ཡིས།།  བདག་ཏུ་ལྟ་བའི་རི་དང་ནགས་བཅོམ་སྟེ།།  རྣམ་ཤེས་བདུན་གནས་ས་འོག་འཇིག་རྟེན་སྐྱོང༌།།  ལྷ་ཡི་ལྷར་གྱུར་རྒྱལ་བའི་དབང་པོར་འདུད།།

རྩོམ་པར་དམ་བཅའ་བ།


གང་དེའི་བསྟན་པ་གནས་སྐབས་ཐ་དད་ཚུལ།།  ཐམས་ཅད་ཆོས་ཉིད་འདི་ལ་འབབ་ཚུལ་སྟོན།  །འོན་ཀྱང་བྱིས་པ་མི་མཐུན་རྩོད་གྱུར་ལ།།  ཡང་དག་རིགས་པའི་གདམས་ངག་སྦྱིན་པར་བྱ།།

བར་དུ་དགེ་བ་གཞུང་།

༼༡༽རྒྱལ་བའི་བཀའ་ཚད་མར་སྒྲུབ་པ།


གངས་ཅན་འདི་ན་མུ་སྟེགས་གྲུབ་མཐའ་དང༌།།  ཉན་ཐོས་ཚུལ་ལུགས་གཙོ་བོར་འཛིན་པ་མེད།  །དེ་དེའི་བག་ཆགས་སད་རྣམས་ཐེག་མཆོག་གི།།  གཞུང་དོན་ལོག་པར་འགྲེལ་འདི་བཟློག་པར་བྱ།།  འཕགས་ཡུལ་མཁས་རྣམས་རྒྱལ་བས་གསུང་ཕྱིན་ཆད།།  ལུང་དེ་ཚད་མ་ཉིད་དུ་ཁས་ལེན་ཏེ།།  རིགས་པ་ཉེས་པ་ཟད་ལ་རྫུན་གྱི་ཚིག།  མི་གསུང་ཞེས་འདོད་དེ་ཕྱིར་ཉན་ཐོས་པ།།  ཐེག་ཆེན་རྒྱལ་བའི་བཀའ་མིན་ཞེས་ཟེར་ཞིང༌།།  བཀའ་རུ་གྲུབ་ན་དེ་ཡང་ཁས་ལེན་པས།།  ཐེག་ཆེན་བཀར་སྒྲུབ་བསྟན་ཆོས་རྣམས་ལས་མཛད།།  བོད་རྣམས་རང་འདོད་དང་མཚུངས་ལུང་འགའ་ཞིག།  འདོད་ཀྱི་གཞན་ཀུན་ཐམས་ཅད་དྲང་དོན་ཏེ།།  འགྲོ་ལ་ཕན་དོན་ཡིན་པས་ངོ་མཚར་མོད།།  ངོ་བོ་དོན་ལ་མི་གནས་རྫུན་དུ་འདོད།།  འདི་ལྟར་འདོད་ལ་ཚད་མའི་ལུང་མི་འགྲུབ།།  ཉེས་པ་ཀུན་ཟད་རྒྱལ་བ་རྫུན་གསུང་ན།།  ཕྱོགས་རེ་སྤངས་བའི་སློབ་པ་འཕགས་རྣམས་དང༌།།  ཉེས་ཀུན་དང་བཅས་སོ་སྐྱེ་སྨོས་ཅི་དགོས།།  རྫུན་དང་བཅས་པ་སྐྱེས་བུ་ཚད་མ་མིན།།  དོན་གྱིས་སངས་རྒྱས་ཚད་མ་མིན་འདོད་པའི།།  ནང་པའི་གྲུབ་མཐའ་སྨྲ་བ་ངེས་ཅི་རུང༌།  ཞེས་པ་ནི་རྒྱལ་བའི་བཀའ་ཚད་མའི་ལུང་དུ་བསྟན་པའོ།།  ༎


༼༢༽འཁོར་ལོ་གསུམ་གྱི་སྟོན་ཚུལ་ལ་དཔྱད་པ།


བོད་རྣམས་ཕལ་ཆེར་འཁོར་ལོར་རིམ་གསུམ་ཡང༌།།  དང་པོར་ཆོས་ཀུན་བདེན་གྲུབ་བསྟན་ཕྱིར་རྫུན།།  བར་བ་སྟོང་ཉིད་བསྟན་པས་ངེས་དོན་ཏེ།།  ཕྱི་མར་ཡོད་པ་བསྟན་ཕྱིར་དྲང་དོན་ལོ།།  སྤྱིར་ནི་དྲང་དོན་ཐམས་ཅད་རྫུན་ཚིག་མིན།།  གནས་ལུགས་མཆོག་ལ་འདྲེན་པའི་ལམ་སྟེགས་ལ།།  ཀུན་རྫོབ་བདེན་པ་སྟོན་པ་དྲང་དོན་དང༌།།  དོན་དམ་དངོས་པོའི་གནས་ལུགས་སྟོན་པ་ལ།།  ངེས་པའི་དོན་དུ་གསུངས་ཤིང་མཁས་རྣམས་འདོད།།  ཆོས་དེ་གསུངས་པའི་དགོས་པ་བསྟན་པ་ཀུན།།  དྲང་དོན་ཡིན་པར་འདོད་མོད་དམ་ཆོས་ཀུན།།  གདུལ་བྱའི་དོན་ཕྱིར་དྲང་དོན་ཉིད་དུ་འགྱུར།།  ཀླུ་སྒྲུབ་དང་ནི་ཐོགས་མེད་སྐུ་མཆེད་ཀྱིས།།  འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་ཏུ་སྒྲུབས།།  འཁོར་ལོ་དང་པོར་ཀུན་རྫོབ་གསུངས་པ་ཡང༌།།  ཇི་ལྟར་སྣང་བ་དེ་ལ་དེ་ལྟར་གསུངས།།  གནས་ལུགས་དཔྱད་པའི་དོན་ལ་བདེན་གྲུབ་ཏུ།།  བསྟན་པ་མེད་པས་དེ་ལ་རྫུན་ཚིགས་མེད།།  བར་བར་འཁོར་འདས་ཆོས་ཀུན་བཀག་པ་ཡང༌།།  ཀུན་རྫོབ་ཀུན་ཏེ་བདེ་གཤེགས་སྙིང་པོ་སོགས།།  ཡོད་མེད་གང་ཡང་མ་གསུངས་དཔྱད་པ་མེད།།  དེ་ཕྱིར་དེ་གཉིས་ཐ་མ་དོན་མི་འགལ།  །འོན་ཀྱང་དང་པོར་ཀུན་རྫོབ་གཙོ་བོར་བསྟན།།  བར་དུ་ངེས་དོན་བྱེད་ཙམ་ཐ་མར་ནི།།  ངེས་དོན་དོན་དམ་རྫོགས་པར་བསྟན་པ་ཡིན།།  ནད་པའི་སྨན་དང་ཡི་གེ་སློབ་པའི་དཔེའི།།  དགོངས་དོན་འདི་ཡིན་གཞན་ལ་འགལ་བ་ཡོད།།  དང་པོར་ཆོས་ཀུན་ཚུགས་ཐུབ་ཡིན་ནོ་ཞེས།།  སྟོན་ན་ཀ་ཏྱ་ཡ་ནའི་གདམ་ངག་གི།  མདོ་སྡེ་སོགས་དང་ནང་འགལ་ཡོད་པར་འགྱུར།།  བར་བར་དོན་དམ་དབྱིངས་སོགས་འགོག་ན་ནི།།  བྱམས་ཞུས་སོགས་དང་ནང་འགལ་ཡོད་པར་འགྱུར།  ཅེས་པ་ནི་འཁོར་ལོར་རིམ་པ་གསུམ་གྱི་སྟོན་ཚུལ་ལ་ཡང་དཔྱད་པའོ།།  །།

༼༣༽དྲང་ངེས་ལས་བརྩམས་ཏེ་རྣམ་པར་དཔྱད་པ།


གཞན་ཡང་ཆོས་ཉིད་མི་འགྱུར་པའི་ལེའུར་ཇི་སྐད་དུ།  རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་སྤྲུལ་པ་སྟེ།  དེ་ལ་ལ་ལ་ནི་ཉན་ཐོས་ཀྱི་སྤྲུལ་པའོ།།  ལ་ལ་ནི་རང་སངས་རྒྱས་ཀྱི་སྤྲུལ་པའོ།།  ལ་ལ་ནི་བྱང་ཆུབ་སེམས་དཔའི་སྤྲུལ་པའོ།།  ལ་ལ་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ།།  ལ་ལ་ནི་ཉོན་མོངས་པའི་སྤྲུལ་པའོ།།  ལ་ལ་ནི་ཆོས་ཀྱི་སྤྲུལ་པའོ།།  རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་ཡིན་ནོ།།  ཞེས་པ་དང༌།  གསོལ་བ།  གང་མ་སྤྲུལ་པའི་ཆོས་དེ་གང་ལགས།  བཀའ་སྩལ་པ།  རབ་འབྱོར།  གང་ལ་སྐྱེ་བ་མེད་པ་དང༌།  འགག་པ་མེད་པ་དེ་ནི་མ་སྤྲུལ་བའོ།།  གསོལ་བ།  བཅོམ་ལྡན་འདས་དེ་གང་ལགས།  རབ་འབྱོར།  དེ་ནི་མི་སླུ་བའི་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་སྟེ།  ཆོས་དེ་ནི་མ་སྤྲུལ་པ་ཡིན་ནོ།།  ཞེས་མདོ་གསུམ་དུ་མཐུན་པར་གསུངས་སོ།།  འདིས་ནི་བདེན་གཉིས་ཡོད་མཉམ་དང་མེད་མཉམ་དུ་འདོད་པ་བསལ་བའོ།།  འོ་ན།  སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར།  ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས།།  གང་ལས་སེམས་ཅན་གང་ཟག་སྐྱེས་བུར་བསྟན།།  ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས།།  ཞེས་པ་འདི་མི་འདོད་དམ་ཞེ་ན།  ངེས་པར་འདོད་དོ།།  འཁོར་ལོ་ཐ་མར་སྙིང་པོ་བསྟན་པ་ཡང༌།།  སྟོང་པར་སྟོང་གྱི་སྤྲོས་པར་མི་འཆད་ལ།།  དམ་པའི་བདག་སོགས་གང་ཟག་དུ་མི་སྟོན།།  འདི་དང་བསྟུན་ནའང་ཐ་མ་མཆོག་ཏུ་ཤེས།།  དབང་ཕྱུག་སོགས་ཀྱང་འཕགས་པར་བཤད་མོད་ཀྱི།།  སྟོན་པར་མི་རུང་དེ་ཚིག་ཚད་མི་བྱ།།  ཅིས་ཕྱིར་ཞེ་ན་དཀོན་མཆོག་ལས་གཞན་དུ།།  བསྟན་ཕྱིར་ཐར་འདོད་རྣམས་ཀྱིས་དོར་བྱ་ཡིན།།  འདི་ནི་རྒྱལ་གསུང་ཚད་མ་མིན་པ་དང༌།།  སློབ་དཔོན་འགའ་ཞིག་ཚད་མར་འདོད་པ་ཡོད།།  དེ་དག་མུ་སྟེགས་རྣམས་དང་བློ་གྲོས་མཚུངས།།  འཕགས་པ་ཡིན་པས་སྐྱོན་དེ་མེད་སྙམ་ན།།  དབང་ཕྱུག་སོགས་ལའང་རིགས་དེ་མཚུངས་སོ།།  སངས་རྒྱས་ལས་ལྷག་འདོད་ཕྱིར་ནང་པ་མིན།།  དེ་ཚིག་རྒྱལ་བའི་གསུངས་ལས་ལྷག་པའི་ཕྱིར།།  སྐྱེས་བུའང་དེ་ཉིད་མཆོག་ཏུ་ཅེས་མི་འགྱུར།།  དེ་དག་རྟོན་པ་བཞི་ཡང་ལོག་པར་སྨྲ།།  ཀུན་རྫོབ་ཏུ་ནི་ཡོད་པས་ཡོད་པར་འདོད།།  ཀུན་རྫོབ་ཏུ་ནི་མེད་ནའང་མེད་པར་འདོད།།  དོན་དམ་དུ་ནི་མེད་ཀྱང་ཡོད་པར་འདོད།།  དོན་དམ་མི་རྟོན་ཀུན་རྫོབ་ལ་རྟོན་ནོ།།  རྣམ་ཤེས་ངོ་བོར་ཡོད་ན་ཡོད་པར་འདོད།།  རྣམ་ཤེས་ངོ་བོར་མེད་ན་མེད་གོ་གཅོད།།  ཡེ་ཤེས་སྣང་ངོར་མེད་ཀྱང་ཡོད་ཅེས་ཟེར།།  ཡེ་ཤེས་སྤང་ནས་རྣམ་ཤེས་ཙམ་ལ་སྟོན།།  རྒྱལ་བས་གསུངས་པའི་ཆོས་རྣམས་ཕལ་ཆེར་རྫུན།།  དགོངས་འགྲེལ་ཚད་ལྡན་ཐམས་ཅད་བདེན་ནོ་ལོ།།  རྩ་བ་རྫུན་ན་དགོངས་འགྲེལ་བདེན་མི་སྲིད།།  ཆོས་ནི་སྤོང་ཞིང་གང་ཟག་རྣམས་ལ་རྟོན།།  དགག་པ་གཉིས་ཀྱི་རྣལ་མར་གོ་བ་སོགས།།  རྟོག་གེ་པ་བཞིན་ཚིག་ལ་རྟོན་པའང་ཡོད།།  རང་སྟོད་སྨྲ་བ་ཕྱིས་བྱུང་ཕལ་ཆེར་ནི།།  རྟོན་པ་བཞི་ལས་རིང་དུ་བྱོལ་བ་ཡིན།།  རྒྱལ་བའི་བཀའ་ལས་རྟོན་པ་བཞི་པོ་བསྔགས།།  ཞེས་པ་ནི།  དྲང་ངེས་ལས་བརྩམས་ཏེ་རྣམ་པར་དཔྱད་པའོ།།  །།

༼༤༽འཁོར་ལོ་ཕྱི་མ་མཆོག་ཏུ་སྒྲུབ་པ།


སྐབས་ཀྱི་ཚིག་ལ་སླར་ཡང་བརྗོད་པར་བྱ།།  བར་བ་ངེས་དོན་ཕྱི་མ་དྲང་དོན་དུ།།  སྟོན་བྱེད་མདོ་སྡེ་གསལ་པོ་གང་ནའང་མེད།།  བར་པ་དྲང་དོན་ཕྱི་མ་ངེས་དོན་དུ།།  དགོངས་པ་ངེས་འགྲེལ་མྱང་འདས་ཆེན་པོ་དང༌།།  སོར་འཕྲེང་སོགས་ཀྱི་མདོ་ལས་གསལ་བར་བཤད།།  ལང་ཀར་གཤེགས་པར་སྙིང་བོ་དྲང་དོན་དུ།།  གསུངས་པར་འདོད་པ་རི་བོང་ཅལ་དང་མཚུངས།།  མུ་སྟེགས་བདག་དང་མཚུངས་སམ་ཞུས་པ་ལ།།  སྟོང་ཉིད་ཡིན་ཕྱིར་མཚུངས་པ་མིན་ཅེས་གསུངས།།  སྟོང་ཉིད་ཐམས་ཅད་བདེན་མེད་མེད་དགག་ལ།།  འདོད་པ་རང་སྟོང་སྨྲ་བའི་བློ་སྐྱོན་ཡིན།།  དེ་བཞིན་ཉིད་ཀྱི་སྟོང་ཉིད་ཡེ་ཤེས་ཏེ།།  མེད་དགག་སྟོང་ཉིད་བེམ་སྟོང་ཀུན་རྫོབ་བོ།།  ཁ་ཅིག་ཕུང་པོ་རྣམས་དཔྱད་སྟོང་ཉིད་ནི།།  ཆོས་ཀུན་མེད་པར་འདོད་པ་ཡིན་ནོ་ལོ།།  དེ་ཉིད་རྣམ་ཀུན་མཆོག་ལྡན་སྒྲུབ་ཐབས་སུ།།  དེ་མ་ཐག་ཏུ་གསུངས་དང་འགལ་བར་འགྱུར།།  རྣམ་དཔྱད་རིགས་པས་དཔྱད་པའི་སྟོང་ཉིད་དེ།།  དེ་ཉིད་ཐབས་སུ་འགྱུར་ལ་དགོངས་པ་ཡིན།།  འཇུག་པ་སོགས་སུ་དྲང་དོན་དུ་བཀྲལ་ཡང༌།།  རྒྱལ་བས་ངེས་པའི་དོན་དུ་བཀྲལ་པའི་ཕྱིར།།  ཆོས་འཁོར་ཕྱི་མའི་ངེས་པའི་དོན་དུ་གྲུབ།།  བར་བའི་གླིང་གཞི་དང་བོར་མཐུན་པ་མང༌།།  ཐ་མའི་གླིང་གཞི་སྔགས་དང་མཐུན་པ་མང༌།།  དེ་དེའི་ཕྱིར་ཡང་ཕྱི་མ་མཆོག་ཏུ་གྲུབ།།  དྲང་དོན་ཡིན་ན་ཟབ་པར་ག་ལ་འགྱུར།།  ཁྱད་པར་ཐ་མ་དྲང་དོན་ཡིན་གསུངས་པའང༌།།  དྲང་དོན་ཡིན་ན་ཧ་ཅང་ཐལ་བར་འགྱུར།།  ངེས་དོན་མཐར་ཐུགས་བསྟན་པའི་རྗེས་སུ་ཡང༌།།  གདུལ་བྱ་དྲང་བའི་དོན་ལ་བཀྲི་བ་ནི།།  དྲང་ངེས་རྟོན་པའི་གོ་རིམ་ཤིན་ཏུ་འཁྲུགས།།  གང་ཟག་གཅིག་ལ་སྟོན་པའི་རིམ་མིན་ན།།  བདག་ཏུ་རྟོག་པར་གྱུར་ན་མི་རུང་བའི།།  རྣམ་པར་དཔྱད་པ་འཐད་ལྡན་མིན་པར་འགྱུར།།  མྱང་འདས་གཟུང་དབང་གིས་ཞུས་མདོས་སོགས་སུ།།  ཀུན་ཏུའང་གང་ཟག་བཀྲི་བའི་ཚུལ་ལ་སྦྱར།  འོ་མའི་སྨན་གྱི་དཔེ་དང་ནོར་བུའི་དཔེ།།  གཅིག་ཉིད་སེམས་ཀྱི་དྲི་མ་སྦྱོང་ཚུལ་ལོ།།  མྱང་འདས་ཆེན་པོར་ཕྱིན་ཅི་ལོག་བརྒྱད་གསུངས།།  ཁྱད་པར་རྒྱལ་བའི་སྐུ་ནི་གཙང་བ་དང༌།།  སངས་རྒྱས་ཞིང་སོགས་བདེ་དང་དོན་དམ་དབྱིངས།།  རྟག་དང་སེམས་ཉིད་དམ་པའི་བདག་ཡིན་པས།།  ཤ་ཁྲག་ལུས་དང་སྡུག་བསྔལ་བདེན་པ་དང༌།།  སྐད་ཅིག་ཆ་བཅས་རང་བཞིན་བདེན་མེད་དང༌།།  རྟོག་ན་ལོག་ལྟ་ཕྱིན་ཅི་ལོག་བཞིར་གསུངས།།  འཁོར་ལོ་དང་པོ་འཇིག་རྟེན་པ་དང་མཐུན།།  བར་བར་ཀུན་རྫོབ་རང་བཞིན་མེད་པ་དང༌།།  རྒྱལ་བ་སྲས་བཅས་ཡོན་ཏན་བགྲང་ཡས་སོགས།།  མང་པོས་ཉན་ཐོས་ལུགས་ལས་ཆེས་ལྷག་མོད།།  ཕལ་ཆེར་ཐེག་དམན་མདོ་དང་མཐུན་ཤས་ཆེ།།  ཐ་མར་རང་བཞིན་མེད་ཚུལ་བར་དང་མཚུངས།།  གཞན་དུ་ནམ་ཡང་ཡོད་པར་མ་གསུངས་པའི།།  ཁྱད་ཆོས་མང་བོས་འདིར་ནི་ཡོད་པར་བསྟན།།  ཆོས་ལྔ་རང་བཞིན་གསུམ་དང་རྣམ་ཤེས་བརྒྱད།།  ཐེག་ཆེན་ཐུན་མོང་མིན་པའི་ཆོས་སྐད་རྣམས།།  འཁོར་ལོ་ཐ་མའི་མདོ་སྡེ་ཤིན་ཏུ་རྒྱས།།  བར་བར་མི་གསལ་བར་བར་བསྡུས་ཏེ་གསུངས།།  དང་པོ་དྲང་དོན་ཐ་མའང་དྲང་དོན་ཅན།།  ཡིན་ན་དེ་གཉིས་མཐུན་ཤས་ཆེ་དགོས་ན།།  དང་པོ་ཐ་མ་སྟོན་ཚུལ་ཆེས་མི་འདྲ།།  ཅེས་པ་ནི་འཁོར་ལོ་རིམ་གསུམ་གྱི་དྲང་ངེས་ལས་བརྩམས་ཏེ་ཕྱི་མ་མཆོག་ཏུ་གྲུབ་པའོ།།  །།

༼༥༽གཞན་སྟོང་དབུ་མར་སྒྲུབ་པ།


འཁོར་ལོ་རྣམ་གསུམ་དགོངས་པའི་གནད་གཅིག་ཀྱང༌།།  ཉན་ཐོས་རྣམས་དང་རང་སྟོང་སྨྲ་བ་དང༌།།  སེམས་ཙམ་པ་དང་གཞན་སྟོང་སྨྲ་བ་རྣམས།།  འདོད་ཚུལ་ཐ་དད་ཁྱད་པར་ཤིན་ཏུ་ཆེ།།  ཞི་འཚོ་གྲོལ་སྡེ་རྗེས་འབྲང་བཅས་པ་ལ།།  གཞན་པའི་རང་སྟོང་སྨྲ་རྣམས་ཀུན་རྫོབ་ནི།།  ཉན་ཐོས་སྡེ་གཉིས་པོ་དང་མཐུན་པར་སྨྲ།།  སེམས་ཙམ་གཞན་སྟོང་ཀུན་རྫོབ་རྣམ་གཞག་མཐུན།།  རང་སྟོང་སྨྲ་བ་ཉན་ཐོས་དང་མཐུན་ལ།།  གཞན་སྟོང་སྨྲ་བ་སེམས་ཙམ་དང་མཐུན་མང༌།།  དེ་དག་ཉན་ཐོས་པ་དང་སེམས་ཙམ་མིན།།  ལང་ཀར་གཤེགས་མདོར་སེམས་ཙམ་ལས་འདས་གསུངས།།  སེམས་ཙམ་ལྟ་བ་རྣམ་ཤེས་བདེན་གྲུབ་ཡིན།།  ཆོས་དབྱིངས་རྣམ་ཤེས་མིན་ཕྱིར་འདི་མི་མཚུངས།།  མཐར་ཐུག་ཐེག་གསུམ་རྒྱན་དུ་མ་བཤད་མོད།།  ཐེག་གཅིག་ཐེག་གསུམ་རིགས་ཆད་ཡོད་མེད་དང༌།།  མཚན་ཉིད་གསུམ་དང་བདེན་གཉིས་འདོད་མི་འདོད།།  དེ་དག་སེམས་ཙམ་དབུ་མའི་ཁྱད་པར་མིན།།  གྲུབ་མཐའ་བཞི་ཀས་བདེན་གཉིས་རྣམ་གཞག་བྱས།།  མཚན་ཉིད་གསུམ་པོ་ཤེར་ཕྱིན་ལས་ཀྱང་བསྟན།།  འཕགས་པས་བྱང་ཆུབ་སེམས་འགྲེལ་དུ་ཡང་གསུངས།།  གནས་སྐབས་རིགས་ཆད་ཀྱང་ནི་མདོ་དེར་བཤད།།  འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་གསུངས་ཕྱིར།།  མཐར་ཐུག་རིགས་ཆད་མདོ་སྡེ་རྒྱན་ནའང་བཀག།  མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད་ཅེས་གསུངས།།  གནས་སྐབས་ཐེག་གསུམ་རང་སྟོང་སྨྲ་བའང་འདོད།།  བྱམས་ཞུས་ལེའུར་ཡང་ནི་དེ་མཐུན་གསུངས།།  ཀུན་རྫོབ་སེམས་ཙམ་རང་སྟོང་སྨྲ་བ་འགའ།།  འདོད་ཕྱིར་བླུན་པོའི་རྣམ་དབྱེས་ཅི་ཞིག་བྱ།།  རྒྱལ་བས་སེམས་ཙམ་ལས་འདས་མ་འདས་དང༌།།  འཇམ་དབྱངས་ཀྱིས་གསུངས་འཇམ་དཔལ་ཞལ་ལུང་དང༌།  དེ་བཞིན་འཕགས་པ་ལྷ་དང་ཛེ་ཏཱ་རི།།  སྤྱན་རས་གཟིགས་ཀྱིས་མཛད་པའི་རྒྱུད་འགྲེལ་དུ།།  གསུངས་པ་རྣམས་ནི་རྣམ་བཞག་གཅིག་ཏུ་འབབ།།  གཟུང་འཛིན་སྣང་བ་ཅན་གྱི་རྣམ་ཤེས་དེ།།  ངོ་བོ་གཟུང་འཛིན་ལས་གྲོལ་བདེན་གྲུབ་དང༌།།  དོན་དམ་དང་ནི་དེ་བཞིན་ཉིད་འདོད་ཅིང༌།།  གཟུངས་དང་འཛིན་པའི་རྣམ་པ་བདེན་གྲུབ་སྟེ།།  དེ་ལ་སྣང་བའི་གཟུང་འཛིན་བདེན་མེད་ལོ།།  འདི་དག་སེམས་ཙམ་པ་ཡི་གྲུབ་མཐར་བཤད།།  དོན་ལ་སེམས་ཙམ་དུ་གྲུབ་དངོས་པོ་རྣམས།།  འདོད་ན་སེམས་ཙམ་པ་ཡིན་གཞན་ཅི་ཞིག།  དངོས་རྣམས་ལོག་སྣང་སེམས་སུའང་བདེན་མེད་པས།།  སེམས་ཙམ་ལས་ནི་ཅི་ཡི་ཕྱིར་མ་འདས།།  རྣམ་ཤེས་རྣམ་པ་བདེན་མེད་རྟོགས་པ་ན།།  ཀུན་རྫོབ་སྣང་བ་མེད་ཕྱིར་དབུ་མར་གསུངས།།  དོན་དམ་སྣང་བ་ཡོད་ཕྱིར་དེ་མིན་ན།།  འཕགས་པའི་མཉམ་གཞག་ཡེ་ཤེས་དེ་དག་ཀྱང༌།།  དབུ་མ་རྟོགས་པའི་ཡེ་ཤེས་མིན་པར་འགྱུར།།  ཞེས་པ་ནི་དབུ་སེམས་ཀྱི་དབྱེ་བ་ལས་བརྩམས་ཏེ།  གཞན་སྟོང་དབུ་མར་སྒྲུབ་པའོ།།  །།

༼༦༽སྲོལ་འབྱེད་དང་གཞུང་ལུགས་ལ་དཔྱད་པ།


རང་སྟོང་སྨྲ་རྣམས་འཕགས་པ་ཀླུ་སྒྲུབ་ཀྱི།།  ལུང་ཙམ་ཁས་ལེན་པར་ནི་མཐུན་མོད་ཀྱང༌།།  ཁ་ཅིག་ཕྱི་དོན་འདོད་ལ་ཁ་ཅིག་འགོག།  ཁ་ཅིག་རང་རིག་འདོད་ལ་ཁ་ཅིག་འགོག།  འགའ་ཞིག་རྣམ་ཤེས་བརྒྱད་འདོད་ལ་ལ་འགོག།  ཐེག་དམན་པས་ཀྱང་བདག་མེད་གཉིས་རྟོགས་དང༌།།  མ་རྟོགས་ལ་སོགས་རྩ་བའི་གྲུབ་མཐའ་ཀུན།།  རང་བཟོའི་དབང་གིས་ཐ་དད་རྣམ་པར་འཁྲུགས།།  ཆོས་ཀུན་བདེན་མེད་ཙམ་དུ་མཐུན་མོད་ཀྱང༌།།  ཤིང་རྟའི་སྲོལ་འབྱེད་འདི་ཡི་རྗེས་འབྲང་ཞེས།།  བློ་གཏད་མེད་པར་རང་བློའི་ལམ་དུ་འདྲེན།།  རང་སྟོང་སྨྲ་ལ་རང་རྐང་ཚུགས་པ་ཡི།།  ཐེག་ཆེན་མངོན་པ་དང་ནི་འདུལ་བ་དང༌།།  མདོ་སྡེའི་དགོངས་འགྲེལ་རྒྱས་པ་མེད་པའི་ཕྱིར།།  ལྟ་བ་ཁོ་ན་ལོགས་སུ་དཔྱད་བྱས་ནས།།  སྡེ་སྣོད་གསུམ་གྱི་གཞུང་ལུགས་འཆད་པའི་ཚེ།།  ལ་ལ་བྱེ་སྨྲ་ཁ་ཅིག་མདོ་སྡེ་བ།།  ཁ་ཅིག་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ལེན།།  གཞན་སྟོང་སྨྲ་རྣམས་བྱམས་པའི་ཆོས་ལྔ་དང༌།།  །ཐོགས་མེད་མཆེད་ཀྱི་གཞུང་ལུགས་རྒྱ་མཚོར་འཇུག།  དེ་ཕྱིར་རྩ་བའི་གྲུབ་མཐའ་མི་མཐུན་མེད།།  ཐེག་ཆེན་སྡེ་སྣོད་འགྲེལ་བའི་གཞུང་ཀུན་ལ།།  རྣལ་འབྱོར་སྤྱོད་གཞུང་གཞན་དྲང་མི་འཇོག་པས།།  རི་བོར་མ་རབས་བརྒྱ་ཕྲག་དུ་མས་ཀྱང༌།།  འཁོར་ལོས་སྒྱར་རྒྱལ་ཟིལ་གྱིས་མི་ནོན་བཞིན།།  རང་སྟོབས་གཞུང་གིས་འདི་དག་ཟིལ་མི་ནོན།།  ཁ་ཅིག་མདོ་སྡེ་གདུལ་བྱ་སྣ་ཚོགས་ལ།།  དགོངས་པས་གསུངས་ཕྱིར་བསྟན་འཆོས་དབང་བཞན་ལོ།།  གོང་དུ་བཀག་མོད་གལ་ཏེ་བདེན་སྲིད་ནའང༌།།  རྒྱལ་བའི་དགོངས་འགྲེལ་བྱམས་པ་ལས་ལྷག་པ།།  ཕྱོགས་བཅུའི་འཇིན་རྟེན་ཁམས་ཀུན་བཙལ་ཀྱང་མེད།།  འཕགས་པ་ཀླུ་སྒྲུབ་ཚད་མར་སྒྲུབ་པའི་ཕྱིར།།  ཟླ་བས་ལང་ཀར་གཤེགས་མདོའི་ལུང་བསྟན་དྲངས།།  དཀར་པོ་རྣམ་པར་འཆར་བའི་ཊཱི་ཀ་རུ།།  རིག་ཚོགས་གཞན་སྟོང་ཚུལ་དུ་བཀྲལ་ཤེས་གྲགས།།  ག་ལས་འཇིག་མེད་སོགས་ཀྱང་མཐུན་ཤས་ཆེ།།  བཞི་བརྒྱ་པ་ནི་གནས་བརྟན་ཆོས་སྐྱོང་གིས།།  རྣམ་རིག་དབུ་མར་བཀྲལ་ཞེས་ཟླ་གྲགས་གསུངས།།  དེ་ཕྱིར་འཕགས་པ་ཡབ་སྲས་གཞུང་འདི་དག།  རང་སྟོང་སྟོན་པར་ཅུང་ཟད་ཉེ་མོད་ཀྱང༌།།  འདི་དག་བསྒྲུབ་བྱ་ཡིན་གྱི་སྒྲུབ་བྱེད་མིན།།  ཟླ་གྲགས་ཕྱོགས་ཀྱི་གླང་པོའི་ཕྱིས་བྱུང་ཞིང༌།།  འཕགས་པའི་དངོས་སློབ་རྣམས་ལ་གྲུབ་མཐའ་ནི།།  ཐ་དད་འབྱུང་དོན་མེད་པས་ཐལ་རང་གི།  རྩོད་པ་ཕྱིས་བྱུང་ཡིན་ཕྱིར་དབང་པོ་མིན།།  ཁྱད་པར་སྟོད་ཚོགས་རྣམས་དང་རིམ་ལྔ་དང༌།།  བྱང་ཆུབ་སེམས་འགྲེལ་སོགས་སུ་གཞན་སྟོང་བསྟན།།  དེ་ཕྱིར་ཀླུ་སྒྲུབ་དགོངས་པ་གཉིས་ཀས་ལེན།།  ཀླུ་སྒྲུབ་ཐོག་མེད་གྲུབ་མཐའ་མཚུངས་སོ་ཞེས།།  རིན་ཆེན་འབྱུང་གནས་ཞི་བས་གསལ་བར་བཤད།།  ཞི་འཚོ་སོགས་ཀྱང་འདི་དང་ཕྱོགས་མཐུན་གསུང༌།།  འགའ་ཞིག་རང་རིག་འགོག་པ་ལྟར་ན་ནི།།  སོ་སོ་རང་རིག་ཐེག་པ་གསལ་བ་དང༌།།  རང་སྟོང་ཕལ་ཆེར་ཐལ་རང་རྩོད་པས་འཇུག།  རྟོག་གེའི་སྤྱོད་ཡུལ་མིན་ཞེས་འདི་མི་འཐད།།  ཆོས་ལྔ་རང་བཞིན་གསུམ་སོགས་མི་བཞེད་ན།།  བླ་མེད་ཐེག་ཆེན་འཆད་ཅེས་མི་རུང་བས།།  ལུང་བསྟན་ལྟར་ནའང་གཞན་སྟོང་བཞེད་པར་འཐད།།  གལ་ཏེ་རང་སྟོང་ཁོ་ན་བཞེད་སྲིད་ཀྱང༌།།  མི་ཕམ་མགོན་པོས་གཞན་དུ་བཀྲལ་བའི་ཕྱིར།།  དགོངས་འགྲེལ་མཁན་པོ་ལུགས་འདི་ལྷག་པ་ཡིན།།  ཀླུ་སྒྲུབ་ཉིད་ཀྱི་ཡི་དམ་ཡིན་ཕྱིར་དང༌།།  ཐེག་ཆེན་པ་ཀུན་རྒྱལ་བར་འདོད་ཕྱིར་དང༌།།  གསང་སྔགས་རྒྱུད་ལས་དཀྱིལ་འཁོར་གཙོ་བོར་བསྟན།།  མདོ་སྡེ་ཕལ་ཆེར་དུ་ཡང་བསྟན་པ་དང༌།།  སངས་རྒྱས་ཀུན་གྱི་ཉེ་བའི་སྲས་གྱུར་དང༌།།  ཚུལ་སྟོན་ལ་ཡང་ས་བཅུའི་དབང་ཕྱུག་ཡིན།།  ཉན་ཐོས་རྣམས་ཀྱང་རྒྱལ་ཚབ་ཡིན་པར་འདོད།།  ཀླུ་སྒྲུབ་མིར་གྱུར་ས་ནི་དང་པོ་བརྙེས།།  རྒྱལ་བའི་དྲུང་ན་མི་ཡི་སྐྱེ་བོར་བསྟན།།  ཁུངས་ཀྱང་མ་འོངས་ལུང་བསྟན་ཙམ་ཡིན་ཅིང༌།།  ཉན་ཐོས་པ་རྣམས་རྟོག་གེ་འཆལ་བ་ཟེར།།  དགོངས་འགྲེལ་མཁན་པོ་བཟང་ངན་ལེགས་དཔྱོད་ཅིག།  གསང་སྔགས་ལ་བརྟེན་སངས་རྒྱས་བརྙེས་སྲིད་མོད།།  དམ་པའི་དོན་དུ་མི་ཕམ་མགོན་པོ་ཡང༌།།  བསྐལ་པ་ཚད་མེད་སྔོན་ནས་མངོན་བྱང་ཆུབ།།  ཁ་ཅིག་བྱམས་པས་གཞན་སྟོང་བཤད་མོད་ཀྱི།།  འཇམ་པའི་དབྱངས་ཀྱིས་རང་སྟོང་གསུངས་སོ་ལོ།།  འཇམ་དབྱངས་ཀྱིས་མཛད་དེ་གཞུང་གང་ན་ཡོད།།  རྡོ་རྗེ་ཐེག་པའི་ཟབ་ལམ་སྟོན་པ་ཡི།།  ཞལ་ལུང་དང་ནི་འཇམ་དཔལ་གྲགས་པ་ཡི།།  ལྟ་འདོད་མདོར་བསྟན་ལས་ནི་གཞན་སྟོང་གསལ།།  གཞན་ནི་ད་ལྟ་མ་དམིགས་རྫུན་གྱིས་ཅི།།  རང་གི་ལུགས་ལ་ཁུངས་གསལ་མེད་བཞིན་དུ།།  གཞན་གྱི་གཞུང་མཆོག་རྣམས་ལ་བསྐུར་འདེབས་པ།།  ཕྱོགས་འཛིན་གདོན་གྱིས་བསླད་པ་མ་ཡིན་ནམ།།  འགའ་ཞིག་བྱམས་ཆོས་རང་སྟོང་ཡིན་ཟེར་བ།།  རང་གི་འཁོར་ནང་དབང་ཆེའི་ཚིག་ཏུ་ཟད།།  རྒྱ་བོད་ཕལ་ཆེར་དེ་མི་འདོད་པས་བླ།།  བོད་རྣམས་ཐོག་ཐ་རང་སྟོང་ཡིན་ཟེར་བ།།  གཞུང་གཅིག་ཉིད་ལ་གྲུང་མཐའ་གཉིས་ཡོད་སྐྱོན།།  ཁྱད་པར་རང་རང་གཞུང་དང་དངོས་སུ་འགལ།།  ཐོགས་མེད་རྒྱལ་བའི་དྲང་ངེས་འབྱེད་པ་ཡི།།  དགོངས་འགྲེལ་མཆོག་ཏུ་ལུང་བསྟན་གསལ་བར་བཞུགས།།  གཞན་ཡང་དབྱིག་གཉེན་ཕྱོགས་ཀྱི་གླང་པོ་དང༌།།  ཆོས་གྲགས་རིན་ཆེན་འབྱུང་གནས་ཞི་བ་སོགས།།  རྒྱལ་བ་ཉིད་ཀྱིས་མཆོག་ཏུ་ལུང་བསྟན་ལ།།  ཡེ་ཤེས་སྙིང་པོ་དང་ནི་སངས་རྒྱས་སྐྱངས།།  ལེགས་ལྡན་ཟླ་གྲགས་འཕགས་སེང་ལ་སོགས་པ།།  མདོ་རྒྱུད་གང་ནས་ལུང་བསྟན་བཤད་པར་མཛོད།།  དབྱིག་གཉེན་སོགས་ལ་ཡེ་ཤེས་སྙིང་པོ་ཡིས།།  ཤིང་རྟ་ཆེར་བསྒྲགས་དཔལ་ལྡན་ཟླ་བས་ཀྱང༌།།  མང་དུ་ཐོས་ཤིང་མཁས་པར་དག་པ་སྦྱིན།།  མིར་སྐྱེས་དགོངས་འགྲེལ་མཁན་པོ་དགོས་ན་ནི།།  རྒྱལ་བས་ལུང་བསྟན་དེ་རྣམས་གཞན་སྟོང་སྨྲ།།  གཞན་དེ་རྣམས་ཀྱང་དམ་པའི་མཆོག་ཡིན་མོད།།  ལུང་བསྟན་བརྙེས་པ་རྣམས་དང་འགྲན་མི་ནུས།།  དཔེར་ན་ཟླ་བས་ལང་ཀར་གཤེགས་མདོ་ལ།།  བརྟེན་ནས་སེམས་ཙམ་དགོངས་པ་ཅན་ཏུ་བཤད།།  དབྱིག་གཉེན་གྱིས་ནི་དགོངས་པ་ངེས་འགྲེལ་ལ།།  བརྟེན་ནས་ངོ་བོ་ཉིད་མེད་རྣམ་གསུམ་ལ།།  དགོངས་ནས་ངོ་བོ་ཉིད་མེད་བསྟན་ཅེས་བཀྲལ།།  མདོ་ཡི་ལུང་དང་རིགས་པ་མཚུངས་མཉམ་ལ།།  མཁས་མཆོག་དབྱིག་གཉེན་ཞབས་ཀྱི་ལུང་རིགས་བཙན།།  འཛམ་གླིང་རྒྱན་དྲུག་དང་མཚུངས་མཁས་པ་གཞན།།  འཕགས་པའི་ཡུལ་དུ་བསྟན་འཆོས་བྱེད་པོ་སུ།།  རང་སྟོང་གཞུང་ལུགས་ཚད་མ་མཆོག་ཡིན་དང༌།།  ཁྱད་པར་ཐལ་འགྱུར་སྨྲ་བ་མཆོག་ཡིན་ཀྱང༌།།  ས་བོན་ཐམས་ཅད་པ་ཡི་ཀུན་གཞི་ནི།།  བཀག་མོད་ཀུན་གཞིའི་ངོ་བོ་བཀག་པ་མེད།།  རིག་བྱ་རིག་བྱེད་གསལ་བྱ་གསལ་བྱེད་དང༌།།  དྲན་མྱོང་ནུས་པ་རང་རིག་ལ་བལྟོས་པ།།  བཀག་གིས་རང་རིག་ཙམ་ཞིག་བཀག་པ་མེད།།  གཞན་དབང་བདེན་གྲུབ་བཀག་མོད་ཡོངས་གྲུབ་མིན།།  རང་སེམས་རང་བཞིན་འོད་གསལ་རྒྱུན་མི་འཆད།།  འདི་འདྲ་དབུ་མའི་གཞུང་ལས་བཀག་པ་མེད།།  ཁྱད་པར་ཀུན་གཞི་ཡེ་ཤེས་མ་བཤད་པས།།  ཡོད་མེད་གང་ཡང་དེར་ལུང་མ་བསྟན་ནོ།།  མཚན་དཔེ་ཅན་གྱི་སྙིང་པོ་དྲང་དོན་དུ།།  འདོད་ཀྱི་བདེ་གཤེགས་སྙིང་པོ་ཙམ་མ་བཀག།  ཅེས་པ་ནི་སྲོལ་འབྱེད་དང༌།  གཞུང་ལུགས་དང༌།  གྲུབ་མཐའི་ཁུང་ཆེ་ཆུང་དང༌།།  ཕྱིས་ཀྱི་བོད་རྣམས་ལ་དཔྱད་པ་སྟེ།།  དེ་དག་ནི་ལུང་གི་སྒྲུབ་པ་ལས་འཕྲོས་པ་གོ་བདེ་བར་བརྗོད་པའོ།།  ༎

༼༧༽གཞན་སྟོང་ལ་རྩོད་པ་སྤོང་བ།


ཡང་འགའ་ཞིག་གཞན་སྟོང་གི་ལུགས་ནི་མུ་སྟེགས་གྲངས་ཅན་དང་མཚུངས་པའི་ཕྱིར་ལྟ་བ་འཁྲུལ་པའོ་ཞེས་ཟེར་རོ།།  སེམས་ཙམ་ཡིན་ན་མུ་སྟེགས་ལུགས་སུ་འགལ།།  མངོན་པ་མཛོད་སོགས་ལེགས་བཤད་ཆེན་པོར་རློམ།།  ཐེག་ཆེན་གཞུང་ལུགས་མུ་སྟེགས་དང་མཚུངས་འདོད།།  ཕྲག་དོག་གདོན་གྱིས་ཟིན་པའི་སྨྱོན་གཏམ་ཡིན།།  ཀུན་མཚུངས་ན་ནི་མུ་སྟེགས་ལུགས་ཡིན་ཕྱིར།།  གྲུབ་མཐའ་བཞི་ཡི་རྣམ་གཞག་མེད་པར་འགྱུར།།  ཕྱོགས་རེ་འདྲ་བས་དེ་དེར་འགྱུར་ན་ནི།།  ཉན་ཐོས་སྡེ་གཉིས་བྱེ་བྲག་པ་དང་མཚུངས།།  རྣལ་འབྱོར་སྤྱོད་པ་གྲངས་ཅན་དང་མཚུངས་མོད།།  གཅེར་བུ་སྤྱོད་པའི་དགེ་སློང་རྣམས་དང་མཚུངས།།  སྙིང་རྗེ་སྒོམ་པའང་མུ་སྟེགས་ལུགས་སུ་འགྱུར།།  གསང་སྔགས་སྤྱོད་པ་དབང་ཕྱུག་པ་དང་མཚུངས།།  ཁྱབ་འཇུག་གི་ཞག་ལྔ་པ་ལས་ཀྱང༌།།  མིང་ཙམ་ལས་ནི་རབ་འདས་ཤིང༌།།  དངོས་དང་དངོས་མེད་རྣམ་པར་སྤངས།།  དབྱུང་དང་བསྡུ་ལས་ངེས་གྲོལ་བ།།  དེ་ནི་ནོར་ལྷའི་བུ་ཞེས་བྱ།།  དངོས་ལ་དངོས་ཉིད་ཡོད་མ་ཡིན།།  དངོས་མེད་ལའང་དངོས་ཉིད་མེད།།  དངོས་དང་དངོས་མེད་རྣམ་གྲོལ་བར།།  གང་གིས་ཤེས་དེ་དེ་ཉིད་རིག།  ཞེས་པ་དང༌།།  དབང་ཕྱུག་གི་མཛེས་པ་སྦྱར་བ་ལས་ཀྱང༌།།  བུ་གཅིག་ཚངས་པ་མཆོག་ཏུ་བདེན།།  རིག་པའི་དབང་ཕྱུག་མུ་མཐའ་ཡས།།  འབའ་ཞིག་ཡོད་པ་ཉིད་སྨྲ་བ།།  དེ་ཡང་ཞགས་པར་རབ་ཏུ་བརྗོད།།  ཅེས་འབྱུང་བས།  འདི་དག་དང་རང་སྟོང་སྨྲ་བ་ཡང་ཅུང་ཟད་གཅིག་མ་གཏོགས་པ་ལྟ་བ་ཆེས་མཐུན་ནོ།།  དེའི་ཕྱིར་བྱེ་བྲག་མེད་དོ།།  མུ་སྟེགས་ཀྱི་ལུང་འདི་ནི་དབུ་མ་རྒྱན་གྱི་རང་འགྲེལ་དུ་དྲངས་སོ།།   ཁོ་བོས་ལྷ་ཁྱབ་འཇུག་གི་མཚན་སྟོང་དང༌།  སྙིང་པོའི་གླུ་ཆེ་ཆུང་དང༌།  ལེགས་ལྡན་གྱི་གླུ་དང་སྲིད་སྒྲུབ་གྱི་གླུ་དང༌།  དབང་ཕྱུག་གི་སམ་བ་ད་ཞེས་པ་དང༌།  གྲངས་ཅན་པའི་གཞུང་ཅི་རིགས་པ་བྲམ་ཟེའི་པཎྜི་ཏ་འགའ་ལས་ཐོས་མོད་ཀྱི།  གྲངས་ཅན་རྣམ་རྫུན་གཉིས་པོ་ཕྱོགས་མཐུན་ལས།།  བརྡ་ཆད་ཙམ་ཡང་ཕལ་ཆེར་མི་མཐུན་ནོ།།  བརྡ་ཆད་འགའ་ཞིག་སྔགས་གཞུང་རྣམས་དང་མཐུན།།  ཁྱབ་འཇུག་གཞུང་ནི་ཐལ་འགྱུར་པ་དང་མཐུན།།  དབང་ཕྱུག་པ་ཡང་རང་རྒྱུད་པ་བཞིན་སྒྲོགས།།  བྱེད་པོར་སྨྲ་བ་དེ་དེའི་ཁྱད་ཆོས་ཡིན།།  གཉིས་ན་ཕྱོགས་མཚུངས་ཙམ་ཞིག་མཉམ་པོ་ལ།།  མུ་སྟེགས་གྲུབ་མཐའི་མཆོག་གྱུར་གྲངས་ཅན་དུ།།  གྲགས་ཕྱིར་སངས་རྒྱས་པའི་ཡང་འདི་མཆོག་གོ  །འགའ་ཞིག་ཡོད་སྨྲས་འཆིང་བར་འདོད་པ་དང༌།།  ཡོངས་གྲུབ་ཡོད་སྨྲས་འཆིང་བར་འདོད་པ་གཉིས།།  རྒྱ་བོད་མ་གཏོགས་ཁྱད་པར་ཅི་འདུག་ལྟོས།།  སྲས་བཅས་རྒྱལ་བའི་ལུང་དང་བསྟུན་ན་ནི།།  གཞན་སྟོང་འཐད་ཀྱི་རང་སྟོང་དེ་ལྟར་མིན།།  ཁ་ཅིག་ལུང་ལ་ངེས་པ་མེད་པའི་ཕྱིར།།  ད་ལྟ་རིགས་པས་གྲུབ་པ་དགོས་སོ་ལོ།།  ལུང་རིགས་གཉིས་ཀ་མེད་པའི་རང་ལུགས་འཇོག།  རིགས་པས་གྲུབ་པ་ཤིན་ཏུ་དགོས་མོད་ཀྱི།།  ཟབ་མོའི་གནས་ལུགས་ཚད་མའི་ལུང་གིས་སྒྲུབ།།  གྲངས་མེད་གསུམ་སྒོམ་མཐོང་བའི་ལུང་རྫུན་ན།།  སོ་སྐྱེས་མནོ་བསམ་ཅི་ཕྱིར་ཚད་མ་ཡིན།།  གཞན་ཡང་ཤིན་ཏུ་ལྐོག་གྱུར་ལ་ལུང་ཚད་མ་ཡིན་པའི་ཕྱིར་རོ།།  ཅེས་བསམ་དགོས་སོ།།  ཞེས་པ་ནི་གཞན་སྟོང་མུ་སྟེགས་དང་འདྲ་བའི་རྩོད་པ་སྤང་བའོ།།  །།

༼༨༽རང་སྟོང་གི་རིགས་པ་ལས་གྲོལ་བར་བསྟན་པ།


གཅིག་དང་དུ་མར་མ་གྲུབ་རྣམ་དཔྱད་པ།།  འདི་དག་འདུས་བྱས་ཆོས་ལ་འཇུག་འགྱུར་གྱི།།  འདུས་མ་བྱས་ཆོས་གཅིག་མིན་དུ་མ་མིན།།  ནམ་མཁའ་ལ་སོགས་དབྱེ་བ་དེས་མི་འཇིག།  འོན་ཀྱང་འཁྲུལ་བློས་བརྟགས་པ་ཙམ་ཉིད་ལས།།  ངོ་བོ་ཅི་ཡང་མེད་ཕྱིར་དེ་མེད་ཡིན།།  ཁྱོད་ལུགས་ཆོས་ཉིད་མེད་པར་དགག་པའི་ཕྱིར།།  ཅི་ཡང་མེད་ཕྱིར་དེ་ལ་འགྱུར་བ་མེད།།  ཕྱོགས་དང་དུས་ཀྱི་ཆ་ཤས་རྣམ་དབྱེ་བ།།  ཡོད་ན་དེ་ལ་མི་འགྱུར་མི་སྲིད་དེ།།  ཕྱོགས་ཡོད་དབང་ཤེས་ཡུལ་མིན་མེད་པ་དང༌།།  དུས་ནི་འདས་སོགས་དུས་གསུམ་ཕྱིར་འགྱུར་བཅས།  །སྐྱེ་སོགས་བཀག་པས་ཆོས་དབྱིངས་འདི་མི་ཁེགས།།  ཡེ་ཤེས་འདི་ཡང་སྐྱེ་མེད་འགག་མེད་ཡིན།།  འཕགས་པས་དབུ་མའི་གཞུང་ལུགས་ཆེ་ཆུང་དུ།།  རྒྱུ་རྐྱེན་དང་ནི་འགྲོ་འོང་མཚན་མཚོན་དང༌།།  སྔོན་དང་ཕྱི་མཐའ་རྒྱུ་འབྲས་རྟེན་འབྲེལ་སོགས།།  རིགས་པའི་དཔྱད་པ་མཐའ་ཡས་དེ་ཀུན་ཡང༌།།  ཀུན་རྫོབ་ཁོ་ན་ལ་འཇུག་གཞན་ལ་མིན།།  རྒྱུ་སོགས་དེ་དག་ཀུན་རྫོབ་ཁོ་ནའི་ཕྱིར།།  ཆོས་ཉིད་དུ་འགྱུར་ཆོས་ཅན་ལ་མི་ལྟོས།།  ཐ་སྙད་ཆོས་ཅན་ལ་ལྟོས་རང་ངོས་མེད།།  ཆོས་ཉིད་རང་ངོས་རྣམ་པར་གཞག་འཇོག་གི།  རྒྱུ་འབྲས་བལྟོས་གྲུབ་མེད་ཕྱིར་རྟེན་འབྲེལ་མིན།།  ཞེས་པ་ནི་རང་སྟོང་གི་རིགས་པ་ལས་གྲོལ་བར་བསྟན་པའོ།།  །།

༼༩༽ཆོས་ཀུན་སྟོང་ཉིད་རང་སྟོང་དང་འགལ་བར་བསྟན་པ།


ཆོས་ཀུན་སྟོང་པ་གཞན་སྟོང་ལུགས་ཉིད་ཡིན།།  ཆོས་ཀུན་ངོ་བོ་ཉིད་མེད་གཞན་སྟོང་ལུགས།།  རང་སྟོང་སྨྲ་བ་གསལ་ཆ་དང་སྣང་ཆ།།  སྟོང་བར་མི་འདོད་ཕྱིར་ན་ཚིག་ཙམ་ལེན།།  བུམ་སོགས་སྣང་བ་སྟོང་པ་ཉིད་ཡིན་ན།།  ཁྱེད་ཀྱི་ལུགས་ལ་དོན་དམ་བདེན་པར་འགྱུར།།  སྟོང་ཉིད་མིན་ན་ཆོས་ཀུན་སྟོང་པར་འགལ།།  གཞན་སྟོང་པ་རྣམས་སྟོང་ཉིད་རྣམ་གསུམ་དང༌།།  ངོ་བོ་ཉིད་མེད་རྣམ་པ་གསུམ་འདོད་ཅིང༌།།  དེ་དེ་དོན་དམ་ཁོ་ནར་མི་འདོད་པས།།  ནང་འགལ་མེད་ཅིང་གྲུབ་མཐའ་ཁྱད་འཕགས་བྱུང༌།།  ཀུན་རྫོབ་ཀྱི་ནི་སྟོང་ཆ་དོན་དམ་མིན།།  དོན་དམ་གྱི་ཡང་སྣང་ཆ་ཀུན་རྫོབ་མིན།།  ཅེས་པ་ནི་ཆོས་ཀུན་སྟོང་ཉིད་རང་སྟོང་ཁོ་ན་དང་འགལ་བར་བསྟན་པའོ།།  །།

༼༡༠༽རང་སྟོང་དབུ་མ་མཐར་ཐུག་ཏུ་འདོད་པ་དགག་པ།


རང་སྟོང་སེམས་ཙམ་ལས་ནི་འདས་པའི་ཕྱིར།།  དབུ་མ་ཡིན་མོད་དབུ་མའི་མཐར་ཐུག་མིན།།  སྟོང་ཉིད་ཙམ་ཡིན་སྟོང་ཉིད་མཐར་ཐུག་མིན།།  ངེས་དོན་ཡིན་ཡང་ངེས་དོན་མཐར་ཐུག་མིན།།  རྒྱུ་མཚན་རང་སྟོང་སྨྲ་རྣམས་དབུ་མ་ཡང༌།།  མཐར་ཐུག་ཁས་མི་ལེན་ཕྱིར་དབུ་མ་ཅི།།  རང་སྟོང་གཞུང་ལ་དཔྱད་ཚེ་དབུ་མ་མེད།།  གཞན་སྟོང་པ་ནི་དཔྱད་ཀྱང་དབུ་མ་འདོད།།  རང་འདོད་མཐར་ཐུག་དབུ་མ་མི་འདོད་པའི།།  དབུ་མ་ཆེན་པོ་དེ་འདྲ་མཚར་གྱི་མེད།།  དེ་ཡང་ཡོད་ན་སེམས་ཙམ་མི་འདོད་པའི།།  སེམས་ཙམ་པ་དང་ཐེག་དམན་མདོ་སྡེའི་ཚོགས།།  མི་འདོད་མདོ་སྡེ་པ་དང་བྱེ་སྨྲ་ཡང༌།།  བྱེ་བྲག་བཤད་པ་མི་ལེན་ཡོད་མ་ཅི།།  ཀུན་ཏུ་རྒྱུ་མཚན་མཚུངས་པ་མ་ཡིན་ནམ།།  རང་སྟོང་ལུགས་ལ་སྟོང་ཉིད་ཡོད་མི་སྲིད།།  དོནདམ་དུ་ནི་མེད་ཕྱིར་མཐར་ཐུག་མིན།།  མེད་དགག་ཙམ་ལ་མཐར་ཐུག་མ་ཐུག་དང༌།།  དབྱིངས་དང་དབྱིངས་མིན་ལ་སོགས་མེད་པའི་ཕྱིར།།  དོན་དམ་དབྱིངས་ཞེས་བྱ་བའང་སྲིད་མིན་འགྱུར།།  ཡང་ན་སྟོང་ཉིད་དང་ནི་དོན་དམ་དབྱིངས།།  ཀུན་རྫོབ་ཉིད་དུ་ཅི་ཡི་ཕྱིར་མི་འགྱུར།།  རྟོག་ངོའི་ཡུལ་དང་མཐོང་བ་རྫུན་པའི་ཡུལ།།  དཔྱད་ངོར་མེད་དང་བདེན་མེད་ཀུན་རྫོབ་ཏུ།།  འཇོག་བྱེད་མིན་ན་ཀུན་རྫོབ་གང་གིས་འཇོག།  ཡིན་ན་དོན་དམ་དབྱིངས་ནི་བདེན་པར་འགྱུར།།  ཀུན་རྫོབ་མིན་པས་བདེན་ཡོད་དཔྱད་ངོར་ཡོད།།  ཡོངས་གྲུབ་འདོད་ཕྱིར་དབུ་མ་མིན་ན་ནི།།  སྤྲོས་བྲལ་འདོད་པའང་དབུ་མ་མིན་པར་འགྱུར།།  བདེན་འདོད་མི་འདོད་ཁྱད་པར་ཡོད་ཅེ་ན།།  མཚན་མ་སྤྲོས་པའི་བདེན་པར་ངེད་མི་འདོད།།  སྤྲོས་པས་དབེན་པའི་བདེན་ཚུལ་འདི་ལྟ་བུ།།  རང་སྟོང་སྨྲ་བས་ཕྱོགས་ཀྱང་མ་གོ་ན།།  དེ་ལ་དགག་པ་ནམ་ཡང་བྱས་པ་མེད།།  བདེན་གྲུབ་འགོག་ཚད་སྤྲོས་པའི་བདེན་འགོག་སྟེ།།  ཀུན་རྫོབ་འགོག་པའི་རིགས་པ་འདིར་སྦྱར་ཕྱིར།།  དེ་ནི་ངེད་ཀྱི་ལུགས་ལའང་འདོད་པ་སྟེ།།  ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད།།  སྤྲོས་པའི་བདེན་པ་ཡོད་ན་ཀུན་རྫོབས་སྟེ།།  དོན་དམ་ངོ་བོ་ཉིད་མེད་ཅེས་བཤད་དོ།།  ཉན་ཐོས་པ་རྣམས་ཐེག་གསུམ་སྤངས་པ་གཅིག།  ཅེས་འདོད་ཐལ་འགྱུར་བ་ཡང་དེ་རྗེས་འབྲང༌།།  རྒྱུ་མཚན་བདག་མེད་གཉིས་རྟོགས་མཚུངས་ཕྱིར་རོ།།  འདི་ལ་ངོ་བོ་ཉིད་སྐུ་ཉན་རང་ལ།།  ཡོད་པར་ཐལ་བ་བཟློག་མེད་འཇུག་པར་འགྱུར།།  ངོ་བོ་ཉིད་སྐུ་དང་མཚུངས་དེ་མིན་པ།།  སྲིད་ན་སྐུ་གསུམ་གཞན་ལའང་རིགས་པ་མཚུངས།།  སངས་རྒྱས་དང་མཉམ་སངས་རྒྱས་མིན་པ་སོགས།།  ཧ་ཅང་ཐལ་བ་མང་པོ་འཇུག་པར་འགྱུར།།  འདི་ཡང་ཐེག་དམན་གྲུབ་མཐའ་འདྲེས་པའི་སྐྱོན།།  ཤེས་སྒྲིབ་ཀྱི་ནི་སྤངས་པས་ཁྱད་ཅེ་ན།།  འདི་ཡང་སྤངས་པའི་ཁྱད་པར་ཉིད་བསྟན་གྱིས།།  ངོ་བོ་དབྱེ་བ་མེད་ཕྱིར་ཟློག་མི་ནུས།།  སྟོན་པ་ཐམས་ཅད་སྨོན་ལམ་དབང་གིས་ཡིན།།  ཡེ་ཤེས་སྣང་མེད་འདོད་པས་ལྷག་མེད་དང༌།།  ཁྱད་པར་མེད་ཕྱིར་ཆོས་སྐུར་མཚུངས་པར་འགྱུར།།  དམན་པས་ཆོས་ཀུན་བདག་མེད་གཉིས་རྟོགས་ན།།  ཆོས་སྐུ་མཐོང་ཕྱིར་དེ་ནི་ཐེག་དམན་གྱི།།  འཕགས་པ་རྣམས་དང་ཐུན་མོང་འབྲས་བུར་འགྱུར།།  བུམ་ལ་ཀ་བ་མེད་ཙམ་ཀ་བ་ལ།།  བུམ་མེད་ཙམ་ནི་དབྱེ་བ་ཡོད་མིན་པས།།  མེད་དག་ཙམ་གྱི་སྤངས་བ་ཀུན་གཅིག་འགྱུར།།  ཀུན་གཞི་མེད་ཕྱིར་ས་བོན་འཇོག་གནས་མེད།།  སེམས་དང་སེམས་བྱུང་བེམ་པོའི་ཆོས་འགགས་ཕྱིར།།  ཐེག་གསུམ་ལྷགས་མེད་ཅི་ཕྱིར་མཚུངས་མི་འགྱུར།།  མེད་དག་ཙམ་ལ་ཤེས་བྱའི་སྒྲིབ་པའང་ཅི།།  ལུང་གསལ་མེད་ཅིང་གཞན་ལ་ལུང་གསལ་ཡོད།།  དེ་ཕྱིར་ཐེག་དམན་འཕགས་པས་ཆོས་ཐམས་ཅད།།  ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད།།  རྫས་དང་བརྟགས་ཡོད་ཀུན་རྟོག་རྒྱས་པ་སྟེ།།  དེ་མ་རྟོགས་ན་ཆོས་ཀུན་རྟོགས་པར་འགལ།།  གསལ་མིན་ཅེ་ན་མངོན་སུམ་ལ་མི་འཐད།།  རྒྱུ་མཚན་མ་ཤེས་ཕྱིར་ན་དེ་མ་རྟོགས།།  སྟོགས་པ་ཁྱད་ཞུགས་ཙམ་གྱིས་དབྱེར་མི་ནུས།།  ཕྱི་དོན་འདོད་དང་རྣམ་ཤེས་དྲུག་དེས་དང༌།།  ཀུན་གཞི་འགོག་དང་རང་རིག་འགོག་པ་དང༌།།  ཉན་རང་སྐྱབས་ཀྱི་ཡུལ་དུ་འདོད་པ་སོགས།།  རང་སྟོང་པ་ལ་ཐེག་དམན་གྲུབ་མཐའ་འདྲེས།།  ཅེས་པ་ནི་རང་སྟོང་དབུ་མ་མཐར་ཐུག་ཏུ་འདོད་པ་དགག་པའོ།།  །།

༼༡༡༽དེ་ཉིད་རིགས་པས་གཞན་སྟོང་སྒྲུབ་པ།


གལ་ཏེ་རང་སྟོང་ལུགས་ཀྱི་སྤྲོས་བྲལ་དེ།།  མེད་དགག་ཕྱིར་ན་སུས་ཀྱང་མྱོང་མི་སྲིད།།  དངོས་མེད་མྱོང་བ་གང་དུའང་ཡོད་མ་ཡིན།།  རྟོག་པས་དོན་སྤྱི་ཡུལ་དུ་བྱེད་པ་ཡི།།  སེལ་ངོ་ཙམ་ལ་སྟོངས་པར་འདོགས་ན་ཐོགས།།  དེ་འདྲ་འཁྲུལ་པ་ཡིན་ཕྱིར་དོན་མི་རྟོགས།།  སྤྲོས་བྲལ་དེ་འདྲ་བདེན་ན་བདེན་གྲུབ་སྟེ།།  མིན་ན་ཀུན་རྫོབ་རྣམས་དང་བདེན་མེད་མཉམ།།  རྒྱལ་སོགས་ཡེ་ཤེས་མཆོག་ལ་སྤྲོས་བྲལ་དེ།།  སྣང་ན་དེ་ངོར་ཡོད་ཕྱིར་དེ་བདེན་འགྱུར།།  མི་སྣང་ན་ནི་ཀུན་རྫོབ་དོན་དམ་གཉིས།།  འཕགས་པའི་གཟིགས་ངོར་མེད་པ་མཉམ་པོར་འགྱུར།།  ཡེ་ཤེས་མ་འཁྲུལ་པ་ཡི་མེད་གཟིགས་ཕྱིར།།  སྤྲོས་བྲལ་འཁྲུལ་འགྱུར་དེ་ན་འཁྲུལ་བར་མཉམ།།  དེ་ནི་ཀུན་རྫོབ་དོན་དམ་དབྱེ་མི་ནུས།།  ཀུན་ཏུ་མཚུངས་ཤིང་གཉིས་ན་དོན་དམ་ལས།།  ཀུན་རྫོབ་དངོས་ལ་ཞུགས་ཤིང་བཟང་བར་འགྱུར།།  ཡང་དག་དོན་དུ་མེད་མཉམ་ཀུན་རྫོབ་ནི།།  འཁྲུལ་ངོར་དོན་བྱེད་དོན་དམ་དེ་ཡང་མིན།།  དེ་ནི་ཁྱེད་ཅག་ཀུན་རྫོབ་ཚད་མས་གྲུབ།།  དོན་དམ་མེད་ངེས་ཡིན་ཅེས་འདོད་ལ་རག།  ངོ་ཚའི་ལྟ་བ་འདི་འདྲ་སྨད་པར་འོས།།  འཇིག་རྟེན་མ་བརྟགས་ངོར་ནི་དངོས་ཀུན་ཡོད།།  དཔྱད་ངོར་མེད་ཅེས་བྱ་བ་འདི་དཔྱད་བྱ།།  ཀུན་རྫོབ་དོན་དམ་དུ་མེད་ཀུན་རྫོབ་དུ།།  ཡོད་ཅེས་བྱ་བ་འདི་ནི་དཔྱད་ངོ་སྟེ།།  འཇིག་རྟེན་ཀུན་རྫོབ་དོན་དམ་དབྱེ་བ་མེད།།  ཁྱེད་ལུགས་ལྟར་ན་ཀུན་རྫོབ་དོན་དམ་ཡོད།།  དེ་གཉིས་བདེན་གཉིས་གང་དུའང་མེད་འདོད་དགོས།།  སྣང་བ་ཀུན་རྫོབ་དེ་ཡི་་སྟོང་པ་ནི།།  དོན་དམ་ཡིན་ལ་ཀུན་རྫོབ་སྣང་མི་འགེགས།།  དེས་ངོར་བདེན་འཛིན་སྤང་ཕྱིར་མཐའ་གཉིས་སྤངས།།  ཅེ་ན་དོན་དམ་སྣང་བ་ཁྱོད་མི་འདོད།།  མཉམ་གཞག་ངོར་ནི་སྣང་བ་དེ་མེད་ཕྱིར།།  མེད་མཐའ་འགྱུར་བས་དེ་ཕྱིར་དབུ་མ་མིན།།  བདེན་གཉིས་ཀུན་རྫོབ་དོན་དམ་སྐབས་ཀུན་ཏུ།།  ཡོད་མཉམ་མེད་མཉམ་མཚུངས་པ་ཡིན་ཅེས་ཟེར།།  དོན་དམ་དུ་ཡོད་མི་སྲིད་ཀུན་རྫོབ་ཏུ།།  ཐམས་ཅད་ཡོད་ཅེས་བྱ་བ་འདི་ཉིད་འགལ།།  དོན་དམ་ཀུན་རྫོབ་ཏུ་ནི་ཡོད་པའི་ཕྱིར།།  ཀུན་རྫོབ་ཀྱང་དེར་ཡོད་འགྱུར་ཀུན་མཚུངས་ཕྱིར།།  དོན་དམ་ཀུན་རྫོབ་ཏུ་ནི་ཡོད་གྱུར་ན།།  དོན་དམ་ཀུན་རྫོབ་ཡིན་པར་ཐལ་འགྱུར་སྟེ།།  མི་རུ་ཡོད་པའི་འགྲོ་བ་མི་ཡིན་བཞིན།།  གཞན་ཡང་དོན་དམ་དོན་དམ་པར་གྲུབ་དགོས།།  མིན་ན་གྲུབ་ཕྱིར་ཀུན་རྫོབ་དུ་གྲུབ་འགྱུར།།  ཡང་ན་དོན་དམ་གཞི་མ་གྲུབ་པར་ཐལ།།  དེ་ཕྱིར་དོན་དམ་དམ་པའི་དོན་དུ་གྲུབ།།  དོན་དམ་འཁྲུལ་ངོར་སྣང་བས་དེར་ཡོད་ན།།  དོན་དམ་རྟོགས་པའི་ཤེས་པ་འཁྲུལ་པ་དང༌།།  འཁྲུལ་པས་སྟོང་ཉིད་རྟོགས་པར་ཐལ་པར་འགྱུར།།  ཕྱིས་ཀྱི་དབུ་མའི་འདོད་པ་འདི་ལྟར་ན།།  ཀུན་རྫོབ་ཡོད་ཕྱིར་ཡེ་ཤེས་འཁྲུལ་བར་འགྱུར།།  མཉམ་གཞག་འཁྲུལ་ན་རྗེས་ཐོབ་ལྟ་ཅི་སྨོས།།  ཡེ་ཤེས་དེ་ངོར་ཀུན་རྫོབ་སྣང་ན་ནི།།  ཀུན་རྫོབ་བདེན་འགྱུར་གལ་ཏེ་སྣང་ན་ཡང༌།།  བདེན་སྣང་མེད་ཟེར་ཀུན་རྫོབ་མེད་སྣང༌བ།།  ཀུན་རྫོབ་སྣང་བ་མིན་ཅིང་ཀུན་རྫོབ་ཡོད།།  ཡེ་ཤེས་ལ་ནི་མེད་པར་སྣང་ཕྱིར་འཁྲུལ།།  དེ་ངོར་ཡོད་སྣང་ན་ནི་དེ་བདེན་འགྱུར།།  རྒྱུ་མཚན་ཕྱིན་ཅི་མ་ལོག་ཡུལ་ཡིན་ཕྱིར།།  བཀག་པ་འགོག་པ་སྒྲུབ་པར་འདོད་པ་ཡི།།  རང་སྟོང་པ་ལ་འདི་སྐད་བརྗོད་པར་བྱ།།  ཆོས་ཉིད་བདེན་མེད་དེ་ནི་གལ་ཏེ་བདེན།།  གཞན་སྟོང་སྨྲ་བ་རྣམས་དང་ཅིས་མི་མཚུངས།།  དེ་མི་བདེན་ན་དགག་པའི་ཚིག་གཉིས་ཀྱི།།  རྣལ་མར་གོ་ཕྱིར་བདེན་ཡོད་ཁོ་ནར་འགྱུར།།  དོན་དམ་དུ་མེད་དཔྱད་ངོར་མེད་སོགས་མཚུངས།།  ཅེས་པ་ནི་རང་སྟོང་སྨྲ་བ་འགའ་ཞིག་གིས་གྲུབ་མཐའ་དཔྱད་ཅིང༌།  དེ་ཉིད་རིགས་པས་གཞན་སྟོང་སྒྲུབ་པའོ།།  །།

༼༡༢༽རང་ལུགས་ཀྱི་འཐད་པ་ཅུང་ཟད་ཉེ་བར་བསྟན་པ།


ཆོས་ཉིད་འགྱུར་བ་མེད་ཕྱིར་ཆོས་ཀྱི་སྐུ།།  སེམས་ཅན་རྣམས་ལ་ངེས་པར་ཡོད་པར་འགྱུར།།  དང་པོར་ཆོས་སྐུ་མིན་པ་ཕྱིས་དེར་འགྱུར།།  དེ་ནི་ངོ་བོ་འགྱུར་བཅས་ཁོ་ན་ཡིན།།  འདུས་བྱས་ནམ་ཡང་མི་གནས་དེ་ཕྱིར་མེད།།  དེ་བཞིན་ཉིད་འདི་ངེས་པར་འདུས་མ་བྱས།།  དངོས་པོ་དངོས་མེད་ལས་འདས་ཤེས་པ་ཡིན།།  འགོག་བྱེད་མེད་དང་མ་འཁྲུལ་ཡེ་ཤེས་ཀྱི།།  གཟིགས་ངོ་ཡིན་ཕྱིར་ཡུལ་ཡང་མ་འཁྲུལ་བས།།  དོན་དམ་དབྱིངས་ནི་བདེན་པར་གྲུབ་པ་ཡིན།།  ཀུན་རྫོབ་ཀྱི་ནི་ཤེས་པ་སླུ་བའི་ཆོས།།  བེམ་པོ་དང་ནི་དངོས་མེད་མྱོང་བྱ་མིན།།  དེ་ཕྱིར་དབྱིངས་དེ་ཤེས་པ་དོན་དམ་ཡིན།།  དབྱིངས་ཀྱི་དེ་བཞིན་ཉིད་དེ་དགེ་བ་སྟེ།།  དོན་དམ་དགེ་བ་ཡིན་ཕྱིར་དགེ་བའི་མཆོག།  ཀུན་རྫོབ་དགེ་བ་དགེ་བ་ཉིད་ཡིན་ན།།  དོན་དམ་དགེ་བ་ཅི་ཕྱིར་དགེ་བ་མིན།།  དེ་སྐད་དུ་རྒྱན་སྡུག་པོའི་མདོ་ལས་ཀྱང༌།།  ས་རྣམས་སྣ་ཚོགས་ཀུན་གྱི་གཞི།།  བདེ་གཤེགས་སྙིང་པོ་དགེ་བའང་དེ།།  ཀུན་གཞི་དེ་ལ་སྙིང་པོའི་སྒྲས།།  སངས་རྒྱས་རྣམས་ཀྱིས་སྟོན་པར་མཛོད།།  ཅེས་གསུངས་ལ།  ཆོས་མངོན་ལས།  དོན་དམ་པའི་དགེ་བ་གང་ཞེ་ན།  དེ་བཞིན་ཉིད་དོ།།  ཅེས་བཤད་དོ།།  འདིས་ནི་ཀུན་གཞི་ཡེ་ཤེས་བསྟན་པ་སྟེ།།  དེ་བཞིན་ཉིད་ཕྱིར་ཡེ་ཤེས་ཁོ་ན་དང༌།།  དགེ་བར་བཤད་པས་ཀུན་གཞི་རྣམ་ཤེས་མིན།།  ཀུན་གཞི་དང་ནི་བདེ་གཤེགས་སྙིང་པོར་བསྟན།།  མངོན་པར་དེ་བཞིན་ཉིད་དེ་བྱང་ཆུབ་ཀྱི།།  རྒྱུར་གསུངས་འདུས་མ་བྱས་སུའང་བཤད་པའི་ཕྱིར།།  དོན་དམ་འགོག་པའི་བདེན་པ་བདེན་གཅིག་པུ།།  དངོས་མེད་མིན་ཅིང་ཀུན་རྫོབ་ལས་འདས་པའོ།།  གཞན་སྟོང་འདི་ནི་གཅིག་གིས་ཅིག་ཤོས་སྟོང༌།།  དེ་ཕྱིར་སྟོང་ཉིད་ཐ་ཤལ་ཡིན་སྙམ་ན།།  མདོ་ལས་སྟོང་ཉིད་རྣམ་པ་བདུན་དུ་གསུངས།།  མཚན་ཉིད་སྟོང་དང་དངོས་པོའི་རང་བཞིན་སྟོང༌།།  སྲིད་པའི་སྟོང་ཉིད་མི་སྲིད་སྟོང་ཉིད་དང༌།།  བརྗོད་དུ་མེད་པའི་སྟོང་ཉིད་ཞེས་པ་དང༌།།  འཕགས་པའི་ཡེ་ཤེས་དོན་དམ་སྟོང་ཆེན་དང༌།།  གཅིག་གིས་གཅིག་སྟོང་སྟོང་པ་བདུན་པའོ།།  དངོས་རྣམས་རང་སྤྱིའི་མཚན་ཉིད་ཀྱིས་སྟོང་དང༌།།  དངོས་རྣམས་རང་བཞིན་སྐྱེ་བས་སྟོང་པ་དང༌།།  ཕུང་པོ་བདག་གིས་སྟོང་དང་ཕུང་པོ་སོགས།།  མྱང་འདས་ཀྱིས་སྟོང་ཀུན་བརྟགས་ངོ་བོས་སྟོང༌།།  དོན་དམ་ཡེ་ཤེས་ལྟ་ཉེས་བག་ཆགས་ཀྱི།།  སྟོང་དང་དངོས་པོ་སོ་སོའི་མཚན་ཉིད་ནི།།  གཅིག་གཅིག་སྟོང་པ་རྣམས་ལ་རིམ་བཞིན་བཤད།།  དྲུག་པ་མཆོག་སྟེ་བདུན་པ་ཐ་མ་ཡིན།།  གང་ཟག་བདག་མེད་རྟག་ཏུ་གཞན་སྟོང་སྟེ།།  འོན་ཀྱང་ཐ་ཤལ་སྟོང་ཉིད་མིན་པ་བཞིན།།  དེ་བཞིན་ཉིད་དང་ཆོས་སྐུ་ལམ་བདེན་གསུམ།།  དོན་དམ་ཞེས་བཤད་འགྱུར་མེད་ཡོངས་གྲུབ་ནི།།  འདུས་མ་བྱས་དང་དོན་དམ་བདེན་པ་ཡིན།།  ཤེར་ཕྱིན་ལྔ་བརྒྱ་པར་ཡང་སྟོང་ཉིད་གསུམ།།  མཚན་ཉིད་གསུམ་ཡང་གསུངས་ཕྱིར་ཡིད་ཆེས་བྱ།།  ཅེས་པ་ནི་རང་ལུགས་ཀྱི་འཐད་པ་ཅུང་ཟད་ཉེ་བར་བསྟན་པའོ།།  །།

ཐ་མར་དགེ་བ་མཇུག

མཇུག་གཏམ།


འདིར་ནི་གཞན་སྟོང་སྤྱི་ལ་རྒོལ་བ་དག།  ལུང་རིགས་དང་བཅས་དྲང་པོས་རྣམ་པར་དཔྱད།།  གཞན་དུ་ཞིབ་མོར་དཔྱད་པ་ཇི་སྙེད་དང༌།།  རང་ལུགས་རྣམས་ནི་གཞུང་དུ་ཤེས་པར་བྱ།།  གཅིག་དང་དུ་བྲལ་རིགས་པའི་རྩ་བ་ཡངས།།  འདུས་བྱས་གནས་པ་མེད་པ་ལ་ཐུག་པས།།  དེ་དང་བདག་འགོག་ཅི་རིགས་རྒྱན་ན་གསལ།།  ཉི་ཤུ་པ་རུ་ཕྱི་དོན་འགོག་པ་བསྟན།།  རང་ལུགས་དབུས་མཐའ་རྣམ་འབྱེད་གཙོར་གྱུར་པའི།།  རྣལ་འབྱོར་སྤྱོད་གཞུང་ཀུན་ན་གསལ་བར་བཞུགས།།  རིགས་པ་རྒྱས་པ་བསྟན་འཆོས་རྒྱས་པར་གསལ།།  འདི་ཀུན་དབུ་མའི་གཞུང་ལུགས་ཟླ་མེད་པའོ།།  ནཁས་པ་རྣམས་ཀྱིས་ཡང་ཡང་བཤད་མོད་ཀྱང༌།།  གཞུང་ལུགས་ཆེན་པོའི་ནང་དུ་འཐོར་བས་ན།།  ཉེར་མཁོ་གོ་བར་སླ་བ་འགའ་ཞིག་བཤད།།  རིགས་པ་གསལ་བ་དུ་མའང་རྣམ་པར་སྤེལ།།  ཐེག་པ་ཆེ་ཚུལ་ཐུན་མོང་མིན་པ་འདི།།  སེམས་ཙམ་ཡིན་འདོད་གྲགས་ངན་སྤང་ཕྱིར་དང༌།།  ཁྱད་པར་ལུང་ཙམ་སྐྱབས་གྱུར་ཡིན་ཟེར་བ།།  དེ་དག་འཇོམས་པའི་རིགས་པ་འདི་ཉིད་སྦྱར།།  ད་དུང་དཔྱད་པ་ཕྲ་མོ་གྲངས་མེད་པ།།  སྤྲོ་བར་ནུས་མོད་འགྲོ་བས་རྟོག་དཀར་འགྱུར།།  གལ་ཏེ་གཞན་ལ་ཕན་ཐོགས་ནུས་མེད་ན།།  དགོས་པ་དང་བྲལ་དེ་ཕྱིར་འདིར་མ་བྲིས།།  འདིར་བཤད་དགེ་བས་མཐའ་ཡས་སེམས་ཅན་རྣམས།།  ཐེག་མཆོག་དམ་པའི་ཆོས་འདིར་ཡོངས་ཞུགས་ཏེ།།  ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཅིང༌།།  ཟག་མེད་ཆོས་ཀྱི་དགའ་བ་ལ་སྤྱོད་ཤོག།

མཛད་བྱང་།


ཅེས་པ་གཞན་སྟོང་དབུ་མའི་རྒྱན་ཅེས་པའི་ཚིག་ལེའུ་བྱས་པ།  རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བཀོད་པ་སྟེ།  རང་ལོ་སུམ་ཅུ་པ་ལ་ཇོ་ནང་གི་རི་ཁྲོད་དུའོ།།  །།དགེ་ལེགས་འཕེལ།  ཚིག་བཅད་གསར་པ་བརྒྱ་ང་བདུན་ཡོད་དོ།།  །།མངྒ་ལཾ།  ཞུས་དག།

ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ པའི་ཚེས་ ༢༢  ཉིན།   རིག་པའི་རྡོ་རྗེས་རྩིས་འཁོར་དུ་དག་པར་ཕབ་ཅིང་།    ས་བཅད་གསར་དུ་བསྒྲིགས་པའོ༎  ༎

No comments:

Post a Comment