གདོང་སྐོར་དགོན་ངེས་དོན་བཤད་སྒྲུབ་རྟག་བརྟན་དམ་ཆོས་གླིང་།


༄༅། །གདོང་སྐོར་བཀྲ་ཤིས་ལྷ་ལུང་དགོན་ངེས་དོན་བཤད་སྒྲུབ་རྟག་བརྟན་དམ་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས་ས་བོན་ཙམ་བརྗོད་པ་གཡོ་སྒྱུའི་སྙོགས་བྲལ་དྭངས་གཙང་ཆུ་བོའི་རླབས་ཀྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ།།

སྟོབས་སོགས་ཡོན་ཏན་དུ་མས་མངོན་པར་སྤྲས། །
ཕྲ་རགས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ། །
སྣ་ཚོགས་སྤྲུལ་པས་མཐའ་ཡས་འགྲོ་དོན་མཛད། །
ཐུབ་དབང་ལྷ་ཡི་ལྷ་མཆོག་གཙུག་གིས་མཆོད། །

མ་ཕམ་མགོན་དང་ཀླུ་སྒྲུབ་དགོངས་པ་འགལ་མེད་སྒྲུབ་པའི་རྣམ་དཔྱོད་སྒོ། །
བརྒྱ་ཕྲག་གདོང་ལྔའི་ང་རོས་ལྟ་ངན་གླང་པོའི་ཁྱུ་ཚོགས་ཚར་བཅད་ནས།
སྒྲ་རྟོག་བློ་ཡི་ཡུལ་ལས་འགོངས་པའི་དོན་དམ་གཤེགས་སྙིང་བཞུགས་པའི་ཚུལ། །
གསལ་བར་སྟོན་མཛད་ཤེས་རབ་རྒྱལ་མཚན་གང་གི་ཞབས་ཀྱི་པད་མོར་འདུད། །

འཆད་པས་འགྲོ་བློའི་རྨོངས་མུན་དྲྭ་བ་གཅོད། །
རྩོད་པས་ཕྱི་རོལ་རྒོལ་ངན་ཀླད་པ་འགེམས། །
རྩོམ་པས་རྒྱལ་བསྟན་ཉི་གཞོན་སླར་ཡང་འདྲེན། །
རྗེ་བཙུན་སྒྲོལ་བའི་མགོན་པོར་སྙིང་ནས་གུས། །

ཕྱི་ལྟར་ངུར་སྨྲིག་རྣམ་རོལ་གསུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །
ནང་ལྟར་རྒྱལ་བ་ཀུན་འདུས་རིགས་གསུམ་མགོན་པོའི་གར་སྒྱུར་བ། །
གསང་བ་ཡེ་བཞུགས་གདོད་མའི་མགོན་པོ་ཉིད་དང་གཉིས་སུ་མེད། །
བཀའ་དྲིན་འཁོར་མེད་པདྨ་བྷི་མོའི་ཞབས་པད་སྤྱི་བོས་མཆོད། །

          ཅེས་མཆོད་པར་བརྗོད་པ་ཤོ་ལོ་ཀ་ཆུ་བོའི་གྲངས་ལྡན་གྱིས་མདུན་བསུས་ཏེ་གང་བརྗོད་པར་བྱ་བ་ནི། གདོང་སྐོར་དགོན་ངེས་དོན་བཤད་སྒྲུབ་རྟག་བརྟན་དམ་ཆོས་གླིང་གི་ལོ་རྒྱུས་མདོ་ཙམ་སྟེ། དེ་ལ་ཆོས་ཁུངས་བཙུན་པར་བསྟན་པའི་སྒོ་ནས་གླེང་སློང་པ་དང་། ལོ་རྒྱུས་དངོས་དང་། ཞར་བྱུང་རྟེན་བཞེངས་ཀྱི་རིམ་པ་དང་གསུམ་ལས།


          དང་པོ་ནི། རང་ཅག་གི་འདྲེན་པ་བླ་ན་མེད་པ་མཉམ་མེད་བུ་རམ་ཤིང་བས་འགྲོ་རྣམས་མྱང་འདས་ཀྱི་སར་འགོད་པའི་སླད་དུ། དྲང་བ་དང་ངེས་པའི་དོན་གྱི་གསུང་རབ་མཐའ་ཡས་པ་ཞིག་བཀའ་བསྩལ་པ་དེ་ཐམས་ཅད་ཆོས་འཁོར་རིམ་པ་གསུམ་དུ་འདུས་ལ། དེ་ཡང་འཁོར་ལོ་དང་པོ་གཉིས་དྲང་དོན་དང་། ཐ་མ་ངེས་དོན་གྱི་མདོ་སྡེ་ཡིན་པར་རྒྱལ་བ་རང་ཉིད་ཀྱིས་བཀའ་བསྩལ་པ་འདི་ལྟར། མདོ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝ་ར་ཎ་སིར་ཞེས་པ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། ཞེས་དང་། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ། ཞེས་དང་། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ།། ཞེས་དང་། བློ་གྲོས་མི་བཟད་པའི་མདོ་ལས། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་ནི་དྲང་བའི་དོན་ཅེས་བྱའོ།། མདོ་སྡེ་གང་དག་དོན་དམ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ།། ཞེས་སོགས་གསུངས་པ་དང་། མྱང་འདས་ཆེན་པོ་ལས། གང་ཞིག་རྟག་པ་གནས་མི་འགྱུར་མི་འཕོ་བའོ།། ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ།། ཞེས་གསུངས་པའི་ཕྱིར་ན་འཁོར་ལོ་ཐ་མ་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཡིན་པར་ལེགས་པར་གྲུབ་པ་ཡིན་ནོ།། དེས་ན་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཐ་མ་དེ་དང་། དེའི་དགོངས་འགྲེལ་བྱམས་ཆོས་སོགས་དང་། སྔགས་བླ་མེད་ཀྱི་རྒྱུད་སྡེ་དུ་མ་དང་། སེམས་འགྲེལ་སྐོར་གསུམ་སོགས་ཀྱིས་ཡང་ཡང་ལེགས་པར་བསྟན་པའི་སྙིང་པོ་ནི། ངེས་གསང་བླ་ན་མ་མཆིས་པའི་གཞན་སྟོང་དབུ་མ་ཆེན་པོ་ཉིད་དུ་ངེས་ལ། དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་ཅེས་གསུངས་པ་བཞིན། དེ་ལྟ་བུའི་མདོའི་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལས་བསྟན་པའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་ལ་གཞོལ་བ་དང་ཆོས་རྒྱུན་གཙོ་བོར་འཛིན་པའི་གང་ཟག་ལ་ཇོ་ནང་པ་ཞེས་དང་། དེའི་དགོན་པ་ལ་ཇོ་ནང་པའི་དགོན་པ་ཞེས་ཡོངས་སུ་གྲགས་ལ། དེ་ཡང་སྤྱི་ལོ་༡༢༩༣ལོར་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་མཆོག་གིས། བརྟན་མ་བཅུ་གཉིས་ཀྱི་ནང་ཚན་ཇོ་མོ་ནགས་རྒྱལ་གྱི་རི་འདབས་སུ་གདན་ས་མཛད་པས་གནས་མིང་ཆོས་བརྒྱུད་ལ་ཐོགས་ནས། ད་ལྟའི་སྤྱི་ལོ་༢༠༡༠ ཡན་ལ་ལོ་ངོ་ ༧༡༧ སོང་བའི་ཆོས་བརྒྱུད་ཆེན་པོ་དཔལ་རྒྱལ་བ་ཇོ་ནང་པ་ཞེས་གྲགས་པའི་སྙན་པ་འཛམ་གླིང་འཛིན་མའི་ཁོར་ཡུག་ལ་ཁྱབ་པ་འདི་ཡིན་ལ། དེ་ལྟ་བུའི་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་མང་དུ་བཞུགས་པ་ལས། འདིར་གདོང་སྐོར་དགོན་ངེས་དོན་བཤད་སྒྲུབ་རྟག་བརྟན་དམ་ཆོས་གླིང་འདི་ནི། ད་ལྟ་དར་ལག་རྫོང་སྡེར་ནང་ཡུལ་ཤོག་རུ་ཆེན་དང་པོའི་བཀྲ་ཤིས་ལྷ་ལུང་ཞེས་པའི་སར་ཆགས་ཡོད།

          གཉིས་པ་ལོ་རྒྱུས་དངོས་ལ། བརྒྱུད་པའི་ཁུངས་དང་། དགོན་འདིའི་གདན་རབས་རྣམས་ཀྱི་རྣམ་ཐར་མདོར་བསྡུས་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མ་གདན་འདྲེན་ཞུས་ཏེ་ཆོས་བརྒྱུད་སྤེལ་ཞིང་དགོན་འདི་བསྐྱངས་ཚུལ་དང་། ལས་སྣེ་གཙོ་བོ་རྣམས་ཀྱི་མིང་ཙམ་བརྗོད་པའོ།།

          དང་པོ་ནི། ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ནས་བཟུང་བྱིན་རླབས་དོན་རྒྱུད་ཀྱི་རིམ་པ་ཞེ་གསུམ་པ། ལུང་སྐྱ་དགོན་གྱི་གདན་རབས་དགུ་བ། དགོན་འདིའི་གདན་རབས་གཉིས་པ། ༧མཚམས་པ་སྨོན་ལམ་བཟང་པོ་མཆོག་ནི་གཙང་བ་སྐུ་ཕྲེང་གསུམ་པའི་ཐུགས་སྲས་ཐུ་བོ་དགེ་སློང་རིན་པོ་ཆེའི་དངོས་སློབ་ངག་དབང་ཆོས་འབྱོར་རྒྱ་མཚོ་དང་། རབ་ཀ་རྡོ་རྗེ་འཆང་ངག་དབང་དོན་ལྡན་རྣམ་གཉིས་ཀྱི་དངོས་སློབ་ཡིན། ཁོང་དང་ལམ་གོའི་མཁན་ཆེན་གསང་སྔགས་རྣམ་གཉིས་ཀྱི་དངོས་སློབ་ཁྲ་བླ་རྡོ་རྗེ་བཟང་པོ་ཉིད་ཡིན་པས་མདོ་སྔགས་དབང་བཀའ་མཐའ་དག་གི་རྒྱུན་དེ་བརྒྱུད་པ་བར་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་ཡོད་པ་འདི་ཀའོ།།

མདོ་སྔགས་ཟུང་འབྲེལ་ལྟ་བ་མཐར་ཐུག་པ། །
ཡན་ལག་དྲུག་གི་སྒོམ་པ་རབ་བརྩོན་ནས། །
སྐུ་བཞི་མངོན་གྱུར་འབྲས་བུ་ཐོབ་པ་ཡི། །
ཚུལ་དེ་ཇོ་ནང་པ་ཡི་ཁྱད་ཆོས་ལགས། །

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

          གཉིས་པ་དགོན་འདིའི་གདན་རབས་རྣམས་ཀྱི་རྣམ་ཐར་མདོར་བསྡུས་ནི། གདན་རབས་དང་པོ་དགོན་འདི་ཕྱག་འདེབས་པ་པོ་སྨད་སོག་དགེ་བཤེས་ཆེན་མོ་སྣང་མཛད་རྡོ་རྗེ་མཆོག་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་རྒྱ་ནག་གོང་མ་རྒྱལ་རབས་འགའ་ཞིག་གི་བཞུགས་གནས་ཀྱི་ཕོ་བྲང་ངོ་མཚར་བ་མང་པོས་གཏམས་པ། ད་ལྟ་པེ་ཅིང་ཞེས་གྲགས་པའི་ཉེ་འདབས། གོང་མའི་དབྱར་སར་གྲགས་པའི་འབྲོག་སྡེ་ཞིག་ནས་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་སུ་ཁོང་གི་སྐུ་མཆེད་གདུགས་དཀར་ཞེས་པ་སྐུ་མ་འཚོ། སྐུ་མཆེད་དེ་ནི་གོང་མ་རྒྱལ་བོའི་མདུན་འཁོར་བློན་ཆེན་ཞིག་ཡིན་པས། དེའི་ཚབ་ཏུ་གོང་མའི་བློན་གྱི་གོ་གནས་འཛིན་དགོས་པ་ལ་ཆུང་ངུ་ནས་ཆོས་ལ་མོས་པ་ཞིག་ཡིན་པས། ཕ་ཁྱིམ་ན་རྟ་རྔ་མོང་སོགས་སྒོ་ཕྱུགས། གསེར་དངུལ་དར་ཟབ་སོགས་མཛོད་ཁང་། ཁྱིམ་མི་དང་ཉེ་འབྲེལ་སོགས་གང་ལ་མ་ཆགས་པར་ཨ་མདོའི་ས་ཆར་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་ལ་ཚོགས་ཞུགས་གནང་། རྗེ་ཤེས་རབ་རྒྱ་མཚོ་སྟེ་བླ་བྲང་ཨ་ཁུ་ཆེ་ཚང་བཀའ་དྲིན་གསུམ་ལྡན་གྱི་བླ་མར་བཀུར། དེ་ནས་འབྲས་སྤུངས་སུ་ཚོགས་ཞུགས་གནང་། མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་པ་མཐར་སོན། སླར་ཡང་གནས་ངེས་མེད་དུ་བྱས་ཏེ་མདོ་སྨད་མཚོ་སྔོན་ཕྱོགས་ནས་བཞུགས་ཡུན་ཅུང་རིང་བས་མཚོ་སྔོན་ཚང་ཞེས་པའི་མཚན་ཆགས། སྨད་སོག་ནས་འཁྲུངས་པས་སྨད་སོགས་དགེ་བཤེས་ཞེས་སུའང་གྲགས། མགོ་ལོག་ཏུ་ཕེབས་པའི་ཐོག་མར་གདོང་ལྷ་སྟོབས་ཚང་གིས་སྦྱིན་བདག་བྱས་ཏེ་འཚོ་བ་གང་དགོས་སྦྱར་ཞིང་། རི་ཁྲོད་དུ་བཞུགས་པས་གདོང་རི་ཁྲོད་པ་ཞེས་སུ་འབོད། དེ་ནས་སྟབས་མདར་གཏན་བཞུགས་མཛད་དེ། ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཏེ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། ཁོང་འཆད་རྩོད་རྩོམ་གསུམ་ལ་མི་ཐོགས་པའི་མཁྱེན་རབ་རྣམ་པར་རྒྱས་པས། གསུང་རྩོམ་ཡང་པོད་མང་པོ་བརྩམས། བ་ཡོལ་རྒྱ་ཆོས་ཟེར་བའི་རྒད་པོ་ཞིག་གིས་ཡོན་སྦྱར་ཏེ་གསུང་ཆོས་དཔར་དུ་བསྐྲུན། རྣམ་དཀར་ལས་ལ་སྤྲོ་བ་དང་ལྡན་པའི་སློབ་ཚོགས་མང་པོ་ངང་གིས་འདུས། རབ་བྱུང་དང་བསྙེན་རྫོགས་བསྒྲུབས་པའང་གྲངས་མེད། སྐབས་དེར་མགོ་ལོག་གོང་མ་ཚང་གི་སར་དགོན་སྡེ་ཉུང་བས། གྲྭ་བཙུན་ཕལ་ཆེར་དེར་འདུས་ཏེ་རིག་གནས་རེ་དང་། དབུ་ཕལ་འདུལ་མཛོད་ཀྱི་གཞུང་ཁྲིད་མཉན་པའང་མང་དུ་བཞུགས། དམ་པ་འདི་མངོན་མཁྱེན་ལ་ཐོགས་པ་མེད་ཅེས་ངོ་མཚར་བའི་གཏམ་མང་པོ་ངག་རྒྱུན་དུ་གྲགས། བདེ་གསང་སོགས་རྒྱུད་སྡེའི་ལྷ་མང་པོ་ཞིག་གི་བསྙེན་ཡིག་ཡོད་པས། སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་པ་གོར་མ་ཆག ཡི་དམ་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཡིན་པ་དང་། ཉི་མ་རེ་རེ་བཞིན་དྲུག་ཅུ་བའི་གཏོར་མ་བསྔོ་བ་མ་ཆག་པར་མཛད། གསུང་ཟུར་ལ་ཁོང་སྨད་སོག་ནས་སྐྱེས། དབུས་གཙང་དུ་སོང་། མཐར་མགོ་ལོག་ཏུ་སྡོད་པ་ནི། རྒྱ་ནག་གོང་མའི་རྒྱལ་ས་དང་། འབྲས་སྤུངས་དགོན་པའི་དོན་ཡིན་ཞེས་གསུངས་སྐད། དེ་ཅི་ཞེ་ན། གོང་མའི་རྒྱལ་ས། འབྲས་སྤུངས་ཀྱི་དགོན་ས་གཉིས་ལ་ས་གནད་ཅིག་ཡོད་པ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་ཞིག་གིས་མནན་ན་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་ཞིག་ཡོད་པར་གྲགས་མོད། བསམ་གྱིས་མི་ཁྱབ་པའི་གནས་འདི་ལ་དཔྱད་པས་ག་ལ་ཤེས། རབ་བྱུང་བཅུ་བཞི་པའི་སྨད་དམ་བཅོ་ལྔ་བའི་སྟོད་ཞིག་ཏུ་དམ་པ་འདི་དང་གདོང་སྐོར་ཚོ་བ་གཉིས་མཆོད་ཡོན་དུ་འབྲེལ་བའི་སྒོ་ནས། ངེས་དོན་བཤད་སྒྲུབ་རྟག་བརྟན་དམ་ཆོས་གླིང་འདི་ཕྱག་བཏབ་ཅིང་། དགོན་འདིར་ཚོ་བ་འདིའི་སྤྱི་སྲུང་ཚོགས་པའི་སྐབས་ཁོང་གིས་ཁྲི་གསུམ་བརྩིག་དགོས། གཅིག་གི་སྟེང་ལ་ང་བསྡད། ཁྲི་གཅིག་གི་སྟེང་ལ་མི་རིང་བར་གཙང་བའི་གྲྭ་རྒྱུན་ནས་རྣལ་འབྱོར་བ་ཆེན་པོ་ཞིག་ཕེབས་རྒྱུ་ཡིན་པས་ཁོང་བཞུགས་དགོས། ཁྲི་གཅིག་ལ་མ་འོངས་པ་ན་གསུངས་སྐད། ཁྲི་གཉིས་པའི་བདག་པོ་དགོན་འདིའི་གདན་རབས་གཉིས་པ་གདོང་གཡོན་བླ་མའམ་མཚམས་པ་སྨོན་ལམ་བཟང་པོ་ཁོང་ཡིན་པར་ཞལ་གྱིས་བཞེས། ཁྲི་གསུམ་པའི་བདག་པོ་དགོན་འདིའི་གདན་རབས་གསུམ་པ་ཁྲ་བླ་ངག་དབང་རྡོ་རྗེ་བཟང་པོ་ཡིན་པ་འདྲ། གཞན་ཡང་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་དམ་པ་འདིས་ལུང་བསྟན་པ་མ་ཟད་དགོན་སའང་བཅག་པར་གྲགས་པ་དོན་ལ་གནས་སོ།། མཐར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ལ་ཉེ་བ་ན། ཁོང་གི་དངོས་སློབ་ཀུན་མཁྱེན་ཞེས་པའི་མཚན་ཅན་དང་། རིག་གྲོལ་སོགས་ཞལ་བཀོད་ལྟར་ཨ་མཆོག་མཚན་ཉིད་ལ་སོང་གསུངས་ཤིང་། སྨད་སོག་བསོད་ནམས་ཟེར་བའི་དགེ་བཤེས་ཤིག་ཕེབས། དེ་ནི་ང་རང་གི་ཚ་བོ་ཡིན་པས་རོ་བདག་ལ་འོང་བ་རེད་གསུངས། གཟུགས་སྐུའི་བཀོད་པ་བསྡུས་པ་ན་གདུང་རྟེན་མཆོད་རྟེན་ཅུང་ཆེ་བ་ཞིག་བཞེངས། གསུང་འབུམ་གྱི་དཔར་ཤིང་རྣམས་རྔ་བའི་བསུ་བ་དགོན་དང་། ཨ་མཆོག་མཚན་ཉིད་གཉིས་ལ་བགོས་ཏེ་བཞུགས། དམ་པ་འདིའི་ཡང་སྲིད་ཤར་འོད་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་ཚང་ཡིན་པར་མངོན་ཏེ། ཨ་ལགས་ཚུལ་རྣམ་ཚང་དཔོན་སློབ་སུམ་ཅུ་ཙམ་ཆུ་མིག་ལ་ཕེབས་པའི་ལམ་ནས་རྩང་སྐོར་གྲུབ་དབང་བྱམས་པ་ཆོས་འཛིན་དང་མཇལ། ཚ་རུའི་སློག་པ་གཡོག་སེར་པོ་ཅན་ཞིག་ཕུལ་བ་ན། གྲུབ་ཆེན་རིན་པོ་ཆེས་དབུ་གཏུགས་གནང་སྟེ་སྤྱན་ཆབ་ཤོར། ཁྱེད་ནི་བདག་གི་བླ་མ་རིན་པོ་ཆེ་མཚོ་སྔོན་དགེ་བཤེས་ཀྱི་ཡང་སྲིད་ཡིན་པར་ངེས། ཞལ་འཚོ་གཞེས་སྐབས། མ་འོངས་པ་ན་ངས་ཆུ་མིག་འགྲིམ་མཁན་མང་པོ་ཁྲིད་དེ་འགྲོ་སྐབས་ཁྱོད་དང་འཕྲད། སྐབས་དེར་ངས་ཁྱེད་ལ་གོས་སེར་པོ་ཞིག་འབུལ། ཁྱོད་དེ་དུས་མདོ་དབུས་ཁམས་གསུམ་ན་གྲགས་ཆེ་བའི་གྲུབ་ཆེན་ཞིག་ཡིན་སོགས་ལུང་གསལ་བོར་བསྟན་ཞེས་གསུངས་སོ།།

          གདན་རབས་གཉིས་པ་གདོང་གཡོན་བླ་མ་མཚམས་པ་སྨོན་ལམ་བཟང་པོ་མཆོག་ནི། ཡབ་ཁེར་ཁང་ཚེ་བཀྲ་དང་། ཡུམ་ཁྲ་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་ཚེས་མེ་ཕག་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། མཚན་ལ་བཟང་པོ་ཞེས་བཏགས། དགུང་ལོ་བཅུ་གསུམ་སྟེང་ངེས་པར་འབྱུང་བས་ཐུགས་རྒྱུད་བསྐུལ་ཏེ་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་པར་དགོངས་ནས་སྦྲ་ནག་བླ་མ་བསྟན་པ་དང་། དཔལ་ཡུལ་ལྷ་སྤྲུལ་པདྨ་ཀར་དབང་བསྟན་འཛིན། རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་སོགས་ཀྱི་མདུན་ནས་ཟབ་ཆོས་མང་དུ་མནོས། ཁྱད་པར་ལྷ་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་སྨོན་ལམ་བཟང་པོ་ཞེས་གསོལ། གདུང་ལོ་ཉེར་གཅིག་སྟེང་སྔ་འགྱུར་རྙིང་མའི་སྐྱེས་ཆེན་གོང་སྨྲོས་དག་དང་ཆོས་སྐྱོང་གི་གཟིགས་སྣང་སོགས་ཀྱིས་བསྐུལ་ཏེ། ཛམ་ཐང་གཙང་ཆེན་དགོན་དུ་ཕེབས་ནས་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་རྒྱ་མཚོའི་དྲུང་ནས། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་དཔྱིས་ཕྱིན་པ་མཛད། དགུང་ལོ་ཉེར་བརྒྱད་ནས་རབ་ཀ་རྡོ་རྗེ་འཆང་ལས་ཀྱང་སྦྱོར་དྲུག་གི་ཁྲིད་ཡོངས་རྫོགས་དང་དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་ཉེར་བརྒྱད་ནས་ཞེ་དགུའི་བར་གཙང་ཆེན་དགོན་གྱི་རྡོ་རྗེ་སློབ་དཔོན་མཛད་དེ་སློབ་ཚོགས་བསྐྱངས། སྐབས་དེར་གདུལ་བྱ་རང་ཡུལ་ཕྱོགས་སུ་ཡོད་པར་མཁྱེན་ནས། རང་ཡུལ་མགོ་ལོག་ཕྱོགས་སུ་བྱོན་ཏེ། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེ་ནི་རྣལ་འབྱོར་ཡང་དག་བརྩམས། །ཞེས་པ་ལྟར། རྨ་ཀླུང་དལ་གྱིས་འབབ་པའི་གཡས་ཟུར། གནས་ཆེན་པདྨ་རི་མཐོའི་ལྷོ་རྒྱུད། ནེའུ་ཐང་བཀྲ་ཤིས་ལྷ་རི་རྫོང་ཞེས་པ། དབེན་གནས་ཀྱི་མཚན་ཉིད་ཐམས་ཅད་ཚང་བའི་གནས་དེར། རབ་རྒྱལ་ཤིང་ཕག་ལོར་བླ་གྲྭ་ལྔ་བཅུ་ཙམ་ལ། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་གནང་བའི་དབུ་ཚུགས། དུས་སྐབས་དེར་དགོན་འདི་ནག་སྒར་བྱས་ནས་དགོན་གཞི་གཏན་ཆགས་མེད་པར། གནས་གཞན་དུ་སྤོས་ནས་བྱོན་པ་སོགས་ཐབས་མཁས་ཀྱི་མཛད་པས་སློབ་ཚོགས་རྣམས་ལ། སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་གཙོ་བོར་བྱེད་དུ་བཅུག གཞན་དབང་ལུང་ཁྲིད་གསུམ་གནང་བའི་བཀའ་དྲིན་བླ་ན་མེད་པའི་སྒོ་ནས་དགོན་འདི་བསྐྱངས་པ་ལགས། མཐར་དགུང་གྲངས་རེ་དྲུག་པ་རབ་རྒྱལ་ཆུ་འབྲུག་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་མཚན་མོར་ཐུགས་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ།། རྒྱས་པར་ལྔ་རིག་སྨྲ་བའི་དབང་པོ་ངག་དབང་བདེ་ལེགས་རབ་རྒྱས་ཀྱིས་མཛད་པའི་ཁོང་གི་རྣམ་ཐར་དད་པའི་ཀུ་མུད་འཕེལ་བའི་ཟླ་ཟེར་ལས་ཤེས་པར་བྱའོ།།

          གདན་རབས་གསུམ་པ་ཁྲ་བླ་མ་ངག་དབང་རྡོ་རྗེ་བཟང་པོ་མཆོག་ནི། ཡབ་འཕས་ལེའི་སྟག་ལྷ་དང་། ཡུམ་ཁྲ་བཟའ་སངས་མཚོ་གཉིས་ཀྱི་སྲས་སུ་རབ་ཚེས་ལྕགས་སྤྲེལ་ལོར་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། དགུང་གྲངས་བཅོ་བརྒྱད་པར། མཚམས་པ་སྨོན་ལམ་བཟང་པོ་བསམ་པ་དང་སྦྱོར་བའི་སྒོ་ནས་རྟག་ངུས་ཆོས་འཕགས་བསྟེན་པ་ལྟར་བླ་མར་བསྟེན་ནས། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་དབང་བཀའ་མན་ངག་དང་བཅས་པ་མནོས་ནས། ཉམས་ལེན་དཔྱིས་ཕྱིན་པ་མཛད་པས་རྟོགས་པའི་དབང་ཕྱུག་ཏུ་གྱུར། དགུང་གྲངས་བཅུ་དགུ་པར་ཁོང་གི་མདུན་ནས་རྗེ་བཙུན་ཏཱ་ར་ནཱ་ཐའི་སྒྲུབ་ཐབས་རིན་འབྱུང་དང་། གཙོ་འདུས་ཀྱི་དབང་། ནཻ་གུ་ཆོས་དྲུག་གི་ཁྲིད་སོགས་དབང་བཀའ་རྗེས་གནང་མང་པོ་མནོས། དགུང་གྲངས་ཉེར་གཉིས་པར་དུས་འཁོར་དབང་ཆེན། བདེ་ཆེན་ཞིང་དབང་། གཤེགས་ལྷ་སོ་ལྔའི་རྗེས་གནང་བཅས་མནོས། དགུང་གྲངས་ཉེར་ལྔ་པར་ཀློང་གསལ་སྙིང་པོའི་སྐུ་གསུམ་ཆོ་ག གར་གླིང་ཞི་ཁྲོ་འཕྲད་ཚད་རང་གྲོལ། རཏྣ་གླིང་བའི་ཕུར་བ་དང་ཚེ་སྒྲུབ་སྟེ་སྔ་འགྱུར་གཏེར་མའི་ཕྱོགས་འགའ་རེ་དང་། དུས་འཁོར་ལྷ་དགུ། མི་འཁྲུགས་པ་སོགས་ཀྱི་དབང་མནོས། དགུང་གྲངས་ཉེར་དྲུག་སྟེང་ཆོས་སྒར་ཐང་སྐྱ་ནས་ཡོད་སྐབས་སུ། མཚམས་པ་སྨོན་ལམ་བཟང་པོའི་ཞལ་ནས། བུ་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་དེ་གཡུ་ཁོག་བྱ་བྲལ་བ་ཡིན་པས་དེ་རུ་སོང་དང་དོན་ཆེན་པོ་ཡོད་པར་གསུངས་ནས། ཁྲེས་པོ་ཕྱག་གིས་རྒྱབ་ཏུ་བཞག་ནས་ལམ་ཞུགས་མཛད་ཀྱང་བར་ཆད་ཀྱི་དབང་གིས་བྱོན་དུ་མ་བཅུག གལ་ཏེ་བར་ཆད་ཀྱི་དབང་དུ་མ་སོང་ན་སྙན་པའི་འཛམ་གླིང་ཁྱབ་ཅིང་གདུལ་བྱ་ཕྱོགས་མེད་དུ་རྒྱས་པའི་རྟེན་འབྲེལ་ཡོད་པར་སྙམ་སྟེ། བླ་མས་ལུང་བསྟན་ཡིན་པས་སོ།། དགུང་གྲངས་ཉེར་བརྒྱད་པར་སླར་ཡང་སྦྱོར་དྲུག་གི་ཁྲིད་དང་དུས་འཁོར་དབང་ཆེན་སོགས་དབང་བཀའ་མང་པོ་ཞུས་ཏེ་དབང་ལུང་མན་ངག་གི་མཛོད་དུ་གྱུར། གཞན་ཡང་བཤེས་གཉེན་དམ་པ་མང་པོའི་དྲུང་ནས་དབང་བཀའ་མང་པོ་ཞུས་པ་དང་། ནད་པ་ལ་སྔགས་བཏབ་པ་ཙམ་གྱིས་སོས་པ་དང་། གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེའི་བར་གྱི་འཁོན་བསྡུམས་པ། གང་གསུང་གཉེན་པོར་གྱུར་བ། གང་གནང་སྨན་དུ་གྱུར་བ་སོགས་གྲུབ་པའི་རྟགས་མཚན་དང་། མ་འོངས་འབྱུང་འགྱུར་གསུངས་པ་སོགས་ལུང་བསྟན་གསུངས་ཚུལ། མཁས་པའི་ཚུལ། བཙུན་པའི་ཚུགས། བཟང་པོའི་ཡོན་ཏན་དང་། སྐུ་ཚེ་གང་བོར་སྲོག་བསླུ་ཉ་སྦྱིན། གྲོག་སྦྱིན་དང་། ཚོགས་འཁོར་བཀྱགས་པ་སོགས་ཚོགས་བསགས་སྒྲིབ་སྦྱང་ལ་འབད་པ་དང་། ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བ། འདོད་ཆུང་ཆོག་ཤེས་རྗེ་བཙུན་མི་ལའི་རྣམ་ཐར་ལ་འགྲན་པ་སོགས་ངོ་མཚར་བའི་མཛད་རྣམ་མང་དུ་ཡོད་ཀྱང་ཕྱིས་སུ་ཁོང་གི་རྣམ་ཐར་ཞིག་འབྲི་འདུན་ཡོད་པས་འདིར་མ་སྨྲོས་སོ།། དགུང་གྲངས་དྲུག་ཅུ་རེ་བཞི་པ་རབ་རྒྱལ་ཆུ་ཕག སྤྱི་ལོ་༡༩༨༣ལོར་སྤྲུལ་བློ་བསམ་སོགས་བླ་གྲྭ་དྲུག་ལ་སྔོན་འགྲོའི་ཁྲིད་གནང་ནས་འབུམ་ལྔ་བསོགས་སུ་བཅུག དེ་དུས་སུ་བླ་མ་རིག་གསལ་ཀྱང་དེར་བཞུགས་ནས་ཆོས་ཁྲིམས་ཀྱི་འགན་བཞེས། དབེན་གསུམ་མགོ་ནས་དེ་དག་ལུང་སྐྱ་དགོན་དུ་སྦྱོར་དྲུག་ཞུ་རུ་མངགས། དེ་དག་གིས་འཁྲུལ་འཁོར་འགབ་མ་ཁོང་གི་མདུན་ནས་མཇུག་བསྐྱངས་པ་ཡིན། དགུང་གྲངས་དོན་ལྔ་པ་རབ་རྒྱན་ཤིང་ཁྱི། སྤྱི་ལོ་༡༩༩༤ ལོར་རྟ་ཟླའི་ཚེས་ཉེར་གཉིས་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས། ཐུགས་དམ་གྲོལ་བ་དང་སྐུ་གདུང་ཞུགས་འབུལ་གྱི་སྐབས་སུ་ནམ་མཁར་འཇའ་སྤྲིན་གྱིས་ཁྱབ་པ་སོགས་ངོ་མཚར་བའི་རྟགས་དུ་མ་ཡོད་དོ།།

          གདན་རབས་བཞི་པ་མཆོག་སྤྲུལ་བློ་བཟང་བསམ་གཏན་གྲགས་པ་ནི། རབ་རྒྱལ་མེ་རྟ་ལོར་ཡབ་ཉམ་མཚོའི་རྟོགས་ལྡན་དང་། ཡུམ་ཁྲ་བཟའ་ལི་པོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བཅོ་བརྒྱད་པར་༧ཁྱབ་བདག་རྡོ་རྗེ་འཆང་ངག་དབང་པདྨ་རྣམ་རྒྱལ་མཆོག་གི་དྲུང་ནས་སྦྱོར་དྲུག་ལ་བཞུགས། དགུང་གྲངས་ཉེར་གཉིས་པར་སྤྱན་རས་གཟིགས་དངོས་བླ་མ་མཁས་བཟང་མཆོག་གིས་རྟོགས་ལྡན་སྐུ་ཕྲེང་བཞི་པ་ཆོས་སྒར་བླ་མ་བློ་འཕེལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་། དེ་ནས་བཟུང་དབུ་ཚད་ཕར་གསུམ་འདུལ་བ་སོགས་སྦྱངས་པ་མཐར་སོན། རིན་འབྱུང་བརྒྱ་རྩ། གཤིན་རྗེ་རབ་འབྱམས། ནཻ་གུའི་བཀའ་ཕྱི་ནང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་གསུམ། གྲོལ་མཆོག་ཁྲིད་བརྒྱ། ཀུན་མཁྱེན་གསུང་འབུམ། རྗེ་བཙུན་དང་འབའ་མདའ་བླ་མའི་སྦྱོར་དྲུག་གི་ཁྲིད་ཡིག་སྐོར་ཡོངས་རྫོགས་སོགས་ཐོབ་པས་དབང་ལུང་མན་ངག་གི་མཛོད་དུ་གྱུར། དགུང་ལོ་སོ་དྲུག་པར་ལྕམ་མདའ་དགོན་པར་ཁྲི་འདོན་མཛད་པ་དང་ཆབས་ཅིག་རང་དགོན་དུ་ཁྲི་འདོན་མཛད་པ་དང་། རྡོ་རྗེ་སློབ་དཔོན་གྱི་མཚན་གསོལ། དགུང་གྲངས་ཞེ་གཅིག་པ་རབ་རྒྱན་མེ་ཁྱི། སྤྱི་ལོ་༢༠༠༦ལོར་ཐུན་དཔོན་དཀོན་མཆོག་དང་ཁྲི་བ་ཆོས་ཀྱིས་སོགས་བླ་གྲྭ་བརྒྱད་ལ་དུས་འཁོར་སྦྱོར་དྲུག་གི་ཁྲིད་གནང་ནས་གདན་ས་འདི་བསྐྱངས་པ་ལགས།

སྙན་པའི་གྲགས་པ་སྲིད་གསུམ་ཁྱོན་ལ་ལྡིར། །
མཛད་རྗེས་རི་མོས་ཡུལ་གྲུ་ཀུན་ལ་ཁྱབ། །
དཔག་ཡས་ཡོན་ཏན་ནམ་མཁའི་རྒྱུ་སྐར་བཞིན། །
མཐའ་དག་ཡོན་ཏན་བརྗོད་པ་སུ་ཡིས་ནུས། །

ཞེས་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

          གསུམ་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མ་གདན་འདྲེན་ཞུས་ཏེ། ཆོས་བརྒྱུད་སྤེལ་ཞིང་དགོན་འདི་བསྐྱངས་ཚུལ་ནི། རབ་རྒྱན་ལྕགས་ལུག སྤྱི་ལོ་༡༩༩༡ལོར་༧ཁྲ་བླ་ངག་དབང་རྡོ་རྗེ་བཟང་པོ་མཆོག་གིས་སྡེ་ར་བར་མའི་བཀྲ་ཤིས་ལྷ་ལུང་ཞེས་རྨ་ཀླུང་དལ་བ་རིང་མོའི་གཡས་ཟུར། འཛམ་གླིང་གེ་སར་རྒྱལ་པོའི་བཞུགས་ཁྲི་ཞེས་ཡོངས་སུ་གྲགས་པའི་ཉེ་སར། རྩི་ཤིང་ནགས་ཚལ་གྱི་མགོ་ལྕོག་ལྡེམ་པ་དྲི་ཟའི་བུ་མོའི་གར་ལ་འགྲན་པ། རྫ་ཆུ་སྙོགས་བྲལ་དྭངས་གསལ་ལྷུང་ལྷུང་དུ་འབབ་པ་ལྷ་ཡི་བདུད་རྩི་དང་མཚུངས་པ། རི་དྭགས་ཤ་བ་གནའ་སྒོ་སོགས་རྩེ་གར་བྱེད་ས། འདབ་ཆགས་ཁུ་བྱུག་སོགས་ཀྱི་སྐད་སྙན་གྱི་འགྱུར་ཁུག་ངོམ་ས། སྐྱེས་བུ་དམ་པ་དུ་མའི་ཞབས་ཀྱིས་བཅགས་པའི་གནས་མཆོག འདུ་འཚོགས་སོགས་ཀྱི་སྤྲོས་པ་མེད་པས་དབེན་གནས་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པའི་གནས་དེར་དགོན་ས་གཟིགས་ནས། དགོན་གཞི་གཏན་ཆགས་ཀྱི་འདུ་ཁང་སོགས་དགོས་པའི་ཞལ་བཀོད་གནང་། ལོ་དེར་གཙང་བ་གྲྭ་མང་ནས་མངགས་པའི་བླ་མ་མཆོག་གྲུབ་གདན་འདྲེན་ཞུས། ཁོང་གིས་ཁྲི་བ་འཇིགས་སེང་དང་། ཐུན་དཔོན་ཀུན་ལྡན་སོགས་བླ་གྲྭ་བཅོ་བརྒྱད་ལ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་གནང་ནས་ཐུན་ལ་འདུག་དུ་བཅུག སྤྱི་ལོ་༡༩༩༢ལོར་ཁྲི་བ་སྤྲུལ་ངག་ཐུབ་དང་ཐུན་དཔོན་སེང་དར་སོགས་བླ་གྲྭ་བཅུ་དྲུག་ལ་སྦྱོར་དྲུག་ཁྲིད། རབ་རྒྱན་ཤིང་ཁྱི། སྤྱི་ལོ་༡༩༩༤ལོའི་ཚེས་གཅིག་ལ་མཆོག་སྤྲུལ་འགྲོ་ཕན་རྒྱ་མཚོ་དགོན་འདིར་ཕེབས་ཏེ་བླ་མར་ཁམས་འདྲི་དང་གྲྭ་ཚང་ལ་དུས་འཁོར་ལྷན་སྐྱེས་སོགས་ཀྱི་ཆོས་འབྲེལ་གནང་། ལོ་དེའི་ས་ཟླའི་སྐབས། ཇོ་ནང་བསྟན་པའི་མངའ་བདག་༧ངག་དབང་ཡོན་ཏན་བཟང་པོ་གདན་འདྲེན་ཞུས། ཁོང་གིས་ཁྲ་བླ་མ་ལ་བསྟན་འགྲོའི་དོན་དུ་བཞུགས་དགོས་ཚུལ་དང་། སེར་སྐྱ་ཡོངས་ལ་དུས་འཁོར་དབང་ཆེན་དང་། ཀུན་མཁྱེན་རྗེས་གནང་། རྣམ་རྒྱལ་མའི་རྗེས་གནང་། སྒྲོལ་མའི་དབང་། གཞན་སྟོང་འཇིགས་མེད་གདོང་ལྔའི་ང་རོའི་འཆད་ཁྲིད་བཅས་དབང་བཀའ་མང་པོ་དང་། ཉིན་དུ་མའི་རིང་ལ་རུ་དགོན་གཉིས་ལ་མ་འོངས་པའི་ལམ་སྟོན་གྱི་བཀའ་སློབ་གནང་བ་དང་ཆབས་ཅིག གདོང་བློ་དོན་གྱིས་དམ་ཆོས་འདུལ་བའི་ལག་ལེན་ལྟར་དགོན་འདི་བསྐྱང་དགོས་ཚུལ་དང་། མགོན་ཚེ། འཇིགས་སེང་། བློ་བཟང་། ཕྲན་བཅས་ལ་མཁན་མིང་གནང་ནས་གཞན་སྟོང་དུས་ཁྲིད་འཛུགས་དགོས་ཚུལ་གྱི་ཞལ་བཀོད་བླ་ན་མེད་པ་གནང་། ཡུལ་སྡེས་ཀྱང་ཁྲ་བླ་ངག་རྡོར་གྱི་ཞབས་བརྟན་དང་གསུང་འབུམ་པར་ཤིང་གི་མ་དངུལ་ལ་དམངས་སྒོར་འབུམ་གཅིག་ཕུལ་ནས། འདི་ཕྱི་གསེར་ནག་གི་ཐག་པ་ཆད་མེད་དུ་གྱུར། ལོ་དེའི་སྟོན་ཁར་རྟོགས་པའི་དབང་ཕྱུག་བླ་མ་གསལ་ལྡན་དགོན་འདིར་ཕེབས་ནས་གྲྭ་ཚང་ལ་ཆོས་འབྲེལ་གནང་། ལོ་དེའི་དགུན་ཐོག་ཏུ་ཁྲ་བླ་མ་ངག་དབང་རྡོ་རྗེ་བཟང་པོ་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། དེ་དུས་སུ་༧སྐྱབས་རྗེ་ངག་དབང་པདྨ་རྣམ་རྒྱལ་མཆོག་གིས་ཐུན་པ་བརྒྱ་ལྷག་ཁྲིད་ནས་དགོན་འདིར་ཕེབས་ཏེ་ཐུགས་དམ་བཀྲོལ་བ་དང་། གདུང་མཆོད་མཛད་པ་སོགས་བཀའ་དྲིན་གཞལ་མེད་དུ་གནང་། སྐུ་གདུང་ཞུགས་འབུལ་སྐབས་ཁོང་དང་། མཁན་ཆེན་དམ་པ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་དང་། སྤྲུལ་རིན་པོ་ཆེ་བློ་བཟང་ཤེས་རབ་དང་། གསའ་སྤྲུལ་འོད་མཆོག་བཅས་ཀྱིས་དུས་འཁོར་ལྷ་དགུ་དང་། མི་འཁྲུགས་པ་ལྷ་དགུ། ཐོས་གྲོལ། ཐུགས་རྗེ་ཆེན་པོ་རྣམས་ཀྱི་སྒོ་ནས་སྦྱིན་བསྲེགས་མཛད། བླ་མ་ཚང་དང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྐྱ་སེར་ཡོངས་ལ་ཆོས་འབྲེལ་དང་བཀའ་སློབ་གནང་། ལོ་དེར་གཉན་ཐོག་སྤྲུལ་སྐུ་བློ་བཟང་ཐབས་མཁས་ཀྱང་དགོན་འདིར་བྱོན་ནས། འཇམ་དཔལ་མཚན་བརྗོད་ཀྱི་ཆོས་འབྲེལ་གནང་། རབ་རྒྱན་ཤིང་ཕག།སྤྱི་ལོ་༡༩༩༥ལོར་དགོན་འདིའི་གདན་རབས་བཞི་པ་སྤྲུལ་བློ་བཟང་བསམ་གཏན་གྲགས་པ་མཆོག་གིས་རང་དགོན་དུ་དབྱར་གནས་བཙུགས། ལོ་དེའི་དགུན་ཁ་ནས་ལྕམ་མདའ་དགོན་གྱི་མཁན་པོ་ཀུན་དགའ་འོད་ཟེར་མཆོག་གིས། འདུས་པ་ཉི་ཤུ་ཙམ་ལ་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་རྒྱས་ཁྲིད་གནང་། ཕྲན་གྱིས་སྐྱོར་དཔོན་གྱི་འགན་བླངས་པ་ལགས། དུས་དེར་གསའ་སྤྲུལ་རིན་པོ་ཆེ་འོད་མཆོག་ཚང་གིས་ཁྱིམ་པ་ཕོ་མོ་ཡོངས་ལ་བདེ་ཆེན་ཞིང་ཁྲིད་ཀྱི་ཞག་བརྒྱ་བཟུང་། མཇུག་ཏུ་བདེ་ཆེན་ཞིང་དབང་བསྐུར། དེ་ནས་བཟུང་ལོ་རེ་བཞིན་དུ་ཞག་བརྒྱ་ཆད་མེད་དུ་བཟུང་ནས་བཀའ་དྲིན་བླ་ན་མེད་པ་བསྐྱངས་པ་ལགས། མེ་བྱི། སྤྱི་ལོ་༡༩༩༦ལོར་མཁན་ཀུན་དགའ་འོད་ཟེར་མཆོག་གི་དབྱར་གནས་བཟུང་། མཁན་འཇམ་དཔལ་བློ་གྲོས་དང་སྤྲུལ་ངག་ཐུབ་གཉིས་ཀྱིས་དབྱར་བདག་གི་འགན་བཞེས། མཁན་འཇམ་དཔལ་བློ་གྲོས་ནི་མཁན་བློ་བཟང་འཕྲིན་ལས་ཀྱིས། ཁོང་གི་དབུ་ཞྭ་དང་ཀུན་མཁྱེན་ལམ་བཟང་གི་ཕྱག་དཔེ་གནང་ནས་མཁན་གནས་ཀྱི་གོ་ས་བསྩལ། ད་ལྟ་ཨོ་ཏ་ལི་ཡ་ན་ནང་བསྟན་ཡིག་བསྒྱུར་སོགས་ཀྱི་ཕྱག་ལས་མཛད་ནས་རིས་མེད་ཀྱི་གྲུབ་མཐའ་ཞིག་བརྩམས་པས་རྒྱ་ཆེའི་ཀློག་པ་པོ་མང་པོས་བསྔགས་བརྗོད་ཐོབ་ཡོད། མེ་གླང་། སྤྱི་ལོ་༡༩༩༧ལོ་ནས་ལོ་གཉིས་ལ་མཁན་པོ་མགོན་ཚེས་དབྱར་གནས་བཟུང་། ༡༩༩༩ལོར་མཁན་པོ་འཇིགས་མེད་སེང་གེས་དབྱར་གནས་བཟུང་ཞིང་གླིང་སྤྲུལ་སྐྱབས་འགྲོའི་ཁྲིད་གནང་། སྤྱི་ལོ་༢༠༠༠ལོ་ནས་ཕྲན་བདག་ལ་མཁན་པོའི་ལས་འགན་བཀལ་བ་འཁུར་དགོས་བྱུང་སྟེ། དགུན་ཆོས་ལ་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལན་གཉིས་དང་། དབྱར་གནས་རྣམས་ཀྱི་སྐབས་སུ་རྒྱལ་སྲས་ལག་ལེན་རྩ་འགྲེལ་དང་། སྐྱབས་མགོན་མ་ཏི་རིན་པོ་ཆེའི་བདེ་ཆེན་ཞིང་ཁྲིད་དང་། གཞན་སྟོང་དུས་ཁྲིད་ཀྱི་དོད་དུ་གཞན་སྟོང་སྙིང་པོ་བཤད་ཁུལ་བྱས་པ་དང་། ལོ་གསུམ་ལ་འགན་ཁུར་ནས་གྲྭ་ཚང་གིས་དགོངས་གནང་ཐོབ་པ་ཡིན། ཆུ་ལུག སྤྱི་ལོ་༢༠༠༣ལོ་ནས་མཁན་པོ་མགོན་ཚེ་དབྱར་གནས་ཀྱི་མཁན་པོར་བསྐོས་ནས། ལོ་བཞིའི་རིང་ལ་དབྱར་གནས་དང་སྨྱུང་ཆེན་གྱི་འགན་བཞེས། རབ་རྒྱན་ཤིང་སྤྲེལ། སྤྱི་ལོ་༢༠༠༤ལོར། དུས་གསུམ་རྒྱལ་བའི་གདུང་འཚོབ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག རང་ཅག་གི་མེ་ཏོག་ཕོག་པའི་ལྷ་སྐལ། བཀའ་དྲིན་མཚུངས་ཟླ་དང་བྲལ་བ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོ་དགོན་འདིར་བསྐྱོད་ནས་ལྷ་སྡེ་མི་སེར་ཡོངས་དང་། སྐད་ཐོས་ཚད་ཀྱི་དད་ལྡན་འགྲོ་བ་མ་བོས་རང་འཁོར་གྱིས་འདུས་པ་བརྒྱ་ཕྲག་མང་པོ་ལ་སངས་རྒྱས་སྟོང་དབང་སོགས་དབང་བཀའ་མང་པོ་བསྩལ་བ་ནི་བཀའ་དྲིན་བསམ་ཡུལ་ལས་འདས་པ་ཞིག་ཏུ་སྣང་། རབ་རྒྱན་མེ་ཁྱི། སྤྱི་ལོ་༢༠༠༦ལོ་ནས་ལྕམ་མདའ་དགོན་གྱི་མཁན་ཡིད་བཞིན་ནོར་བུའི་གཙོས་ལས་སྣེ་རྒན་རིམ་གྱིས་བཀའ་གནང་ཐོབ་པ་ལ་བརྟེན་ནས། མཁས་བཙུན་བཟང་གསུམ་སོགས་ཡོན་ཏན་མཐའ་ཡས་པ་མངའ་བའི་མཁན་པོ་དགེ་འདུན་རྒྱ་མཚོ་མཆོག་གདན་འདྲེན་ཞུས། ཁོང་གིས་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་ཕར་ཕྱིན་ཡུམ་དོན་གསལ་བའི་མེ་ལོང་དང་། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་གཉིས་རྒྱས་ཁྲིད་གནང་། མེ་ཕག སྤྱི་ལོ་༢༠༠༧ལོར་དབྱར་གནས་ཀྱི་མཁན་པོ་མཛད་ཅིང་། ལྟུང་བཤགས་ཀྱི་ཁྲིད་དང་། འདུལ་བ་ཀ་རི་ཀའི་ཁྲིད་གནང་། ལོ་དེའི་དགུན་ཆོས་ལ་མཁན་པོ་ཀུན་དཔལ་གྱི་སྤྱོད་འཇུག་འགྲེལ་བ་རྒྱས་ཁྲིད་གནང་། དེ་དང་ཆབས་ཅིག་དག་ཡིག་བློ་གསལ་འཇུག་ངོགས་ཀྱི་ཁྲིད་ཀྱང་གནང་། ས་བྱི། སྤྱི་ལོ་༢༠༠༨ལོར་སྨྱུང་ཆེན་བཟུང་བ་དང་། དེ་དུས་སུ་ཁྱིམ་པ་ཕོ་མོ་མང་པོས་དགེ་བསྙེན་གྱི་སྡོམ་པ་ཞུས། ལོ་དེའི་དབྱར་གནས་ཀྱི་སྐབས་སུ་དགེ་འདུན་པ་ཡོངས་ལ་རྗེ་བཙུན་སྒྲོལ་བའི་མགོན་པོ་དང་རིག་འཛིན་འགྱུར་མེད་རྡོ་རྗེ་རྣམ་གཉིས་ཀྱི་བཟང་སྤྱོད་འགྲེལ་བ་གཉིས་སྔ་གཞུག་ཏུ་རྒྱས་ཁྲིད་གནང་། དབྱར་གནས་ཀྱི་མཇུག་ཏུ་ཤོག་ཁ་སོ་སོ་ལ་བསང་ཁྲི་སོ་སོར་ཡོད་པ་གཅིག་ཏུ་བྱས་ནས་ས་དཔལ་བརྟགས་པ་ལྟོ་འཕྱེའི་ཐིག་གདབ། སྙིང་གཏེར་སྒྲུབ་འཇོག་སོགས་ཚད་ལྡན་གྱི་སྒོ་ནས་ལབ་རྩེ་དང་བསང་ཁྲི་ལེགས་འགྲུབ་བྱུང་བ་དང་། རྗེས་སོར་རུ་དགོན་གཉིས་ཀྱིས་ཁོང་དང་མཉམ་དུ་བསང་ཕུད་པས་འཇའ་སྤྲིན་ཤར་བ། བསང་དུད་ལེགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཡོད་ཅེས་གླེང་འདུག ལོ་དེའི་དགུན་ཆོས་ལ་ལོ་ཆེན་སྡོམ་ཊིཀ་ཞིབ་ཁྲིད་གནང་། ས་གླང་། སྤྱི་ལོ་༢༠༠༩ལོར་སྨྱུང་ཆེན་བཟུང་བ་དང་ཆབས་ཅིག་ཁྱིམ་པ་ཕོ་མོ་མང་པོ་ལ་དགེ་བསྙེན་གྱི་སྡོམ་པ་གནང་བ་དང་། ཡུལ་སྡེ་ལ་དགེ་བཅུའི་ཁྲིམས་བཞག ལོ་དེའི་དབྱར་གནས་སྐབས་ལོ་ཆེན་བཟང་སྤྱོད་འགྲེལ་བ་དང་སླར་ཡང་འདུལ་བ་ཀ་རི་ཀ་རྒྱས་ཁྲིད་གནང་ནས་དགོན་འདིའི་བཅའ་ཡིག་བྱེད་དགོས་ཚུལ་གྱི་བཀའ་སློབ་གནང་ཞིང་། སྔ་གཞུག་ཐམས་ཅད་དུ་བཀའ་དྲིན་བླ་ན་མེད་པ་བསྐྱངས་པ་དང་། མི་སེར་ཡོངས་དང་ཆོས་དམ་ཚིག་གི་འབྲེལ་བ་ཟབ་མོ་རེ་ཆགས་ཡོད། ལོ་དེའི་སྟོན་དུས་སུ་མཁན་སྤྲུལ་རིག་པའི་རྡོ་རྗེ་མཆོག་གིས་ཐུན་དཔོན་ཀིརྟི་སྐྱབས་དང་ཁྲི་བ་དགུ་རིས་སོགས་བླ་གྲྭ་དྲུག་ལ། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་མགོ་བཟུང་ནས་ད་ལྟ་དབེན་གསུམ་ལ་བཞུགས་བཞིན་པ་ཡིན། ལོ་དེའི་དགུན་ཐོག་ཏུ་ཕྲན་གྱིས་མཁན་པོ་མགོན་ཚེ་དང་དགེ་བསྐོས་འཇིགས་དབང་སོགས་བླ་གྲྭ་བཅུ་དྲུག་ལ་རྗེ་ཏཱ་ར་ནཱ་ཐའི་ལམ་རིམ་བདུད་རྩིའི་ཉིང་ཁུ་བཤད་ཁུལ་བྱས་པ་དང་། ལྕགས་སྟག སྤྱི་ལོ་༢༠༡༠ལོར་གསའ་སྤྲུལ་འོད་མཆོག་དང་ཕྲན་ཟུང་གིས་རེས་མོས་ཀྱིས་ཀྱིས་སྨྱུང་གནས་ཀྱི་ལུང་སྦྱིན། མི་སེར་ལ་དགེ་བཅུའི་ཁྲིམས་ཡང་བསྡམས་དང་། རྒན་པ་ཡོངས་རྫོགས་དང་གྲོས་མཐུན་བྱུང་བའི་སྒོ་ནས་སྡོམ་བཤགས་བྲོས་བཤགས་དང་། གནང་བ་སྦྱིན་ཕྱོགས་སོགས་གྲོས་ཆོད་མང་པོ་བྱུང་། མཇུག་ཏུ་བླ་མ་ཚོགས་གཉིས་རྒྱ་མཚོས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་བ་བཤད་ཁུལ་བྱས་པ་ཡིན། ཇོ་ནང་ཤམ་བྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་དང་པོའི་སྐབས་སུ་༧མཁན་རིན་པོ་ཆེ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་བདག་ལ་ཕྱག་དར་གནང་ཞིང་གདོང་སྐོར་དགོན་གྱི་མཁན་པོའི་ལས་འགན་འཁུར་དགོས་ཚུལ་གྱི་བཀའ་གསུང་སྤྱི་བོར་བསྩལ་བ་དེ་དང་། རྒན་དགེ་བསྐོས་སོགས་ཀྱི་མོས་འདུན་བཞིན་བཀའ་དང་ལེན་བྱས་པ་ཡིན།

བཤེས་གཉེན་དག་ལས་ཐོབ་ཐོབ་རྣམ་གྲངས་མང་། །
མང་པོའི་གྲལ་དུ་ངོམ་པའི་རིག་པའི་གནས། །
གནས་མལ་ཙམ་ལས་སྣ་གཅིག་དོན་ལ་མེད། །
མེད་ལ་ཡོད་སྣང་འཆར་བའི་ཚུལ་འདི་སྐྱོ། །

ཞེས་བར་སྐབས་སུ་སྐྱོ་བའི་ཤུགས་ཀྱིས་ཐལ་ལོ།།

          བཞི་པ་ལས་སྣེ་གཙོ་བོ་རྣམས་ཀྱི་མིང་ཙམ་བརྗོད་པ་ནི། དགོན་འདིའི་གདན་རབས་བཞི་དང་མཁན་རབས་དྲུག་ཡོད་པ་དེ་དག་གོང་དུ་བཤད་པ་དག་གིས་ཤེས་ནུས་ལ། དགོན་གཞི་གཏན་ཆགས་བྱས་ཚུན་གྱི་དགོན་འདིའི་ཆོས་ཁྲིམས་པ་རྣམས་ཀྱི་མིང་ཙམ་བརྗོད་ན། རབ་རྒྱན་ལྕགས་ལུག སྤྱི་ལོ་༡༩༩༡ལོར་ཆོས་ཉིད་དང་། དེ་ནས་བཟུང་ལོ་རེ་བཞིན། བློ་དོན། བསྟན་སྲུང་། དགྲ་བླ། ཆོས་བསམ། བློ་བཟང་། འཇིགས་དབང་། ཀུན་བྱང་། སེང་དར། པད་དངོས། ནོར་ཁོ། ཀུན་ལྡན། པདྨ་རིག་འཛིན། མཆོག་ལྡན། བསོད་གྲགས། དཀོན་མཆོག མཁས་བཟང་། སླར་ཡང་བློ་བཟང་། འཇིགས་དབང་། དགྲ་བླ་ད་ལྟ་ལས་ཐོག་པ་ཡིན། དགོན་གཞི་གཏན་ཆགས་བྱས་ཚུན་གྱི་དགོན་འདིའི་ཁྲི་བའི་གོ་རིམ་ནི། སྤྱི་ལོ་༡༩༩༡ལོ་ནས་ལོ་གཉིས་རེ་སྟེ། སྤྲུལ་ངག་ཐུབ། བླ་མ་ཆོས་དཔལ། བླ་མ་བློ་ཤེར། མཁན་པོ་མགོན་ཚེ། མཁན་པོ་འཇིགས་སེང་། བླ་མ་དགེ་དོན། བླ་མ་དགུ་རིས། བླ་མ་མཐུ་སྟོབས། བླ་མ་ཀུན་ཤེར། བླ་མ་དབྱིངས་པ་ད་ལྟ་ལས་ཐོག་པ་ཡིན།

          གསུམ་པ་ཞར་བྱུང་རྟེན་བཞེངས་ཀྱི་རིམ་པ་ནི། རབ་རྒྱན་ཤིང་སྤྲེལ། སྤྱི་ལོ་༢༠༠༤ལོར་གདོང་བློ་དོན་གྱིས་གཙོ་འགན་བླངས་ནས་འདུ་ཁང་ལེགས་འགྲུབ་བྱུང་། གྲྭ་ཁང་ཡང་ལོ་དེར་དུ་མ་འགྲུབ། ད་ལྟ་དངོས་ཡོད་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཉིས་བརྒྱ་བདུན་ཅུ་ཅན་གྱི་འདུ་ཁང་། ཁྲ་བླ་ངག་རྡོར་གྱི་སྐུ་གདུང་གསེར་དངུལ་ལས་གྲུབ་པའི་མཆོད་རྟེན་རིན་པོ་ཆེའི་ཕྲན་ལྡན་མཐོ་ཚད་ལ་ཁྲི་ཙེ་བདུན་ཅན། གསེར་སྐུ་ལྔ་བཅུ། རྒྱལ་བའི་བཀའ་འགྱུར་ཆེན་མོ་ཚར་གསུམ། བསྟན་འགྱུར་དང་། ཇོ་ནང་ཀུན་མཁྱེན་གསུང་འབུམ། རྗེ་བཙུན་གསུང་འབུམ། མ་ཏིའི་གསུང་འབུམ། རིན་ཆེན་གཏེར་མཛོད་སོགས་ཁྱོན་པོད་དྲུག་བརྒྱ་ལྷག་དང་། ས་རྡོ་ལས་བྱས་པའི་མཆོད་རྟེན་གཉིས། འཁོར་ཆེན་བརྒྱད། གྲྭ་ཁང་སུམ་ཅུ། ཚོང་ཁང་གཅིག དོང་ཆུ་གཅིག་བཅས་ལེགས་འགྲུབ་བྱུང་ཡོད།

          གཞན་ཡང་འཕྲོས་དོན་དུས་མཆོད་ཀྱི་རིམ་པ་ནི། ལོ་རེ་བཞིན་དབྱར་གནས་དང་། སྟོན་ཁ་སྐུ་གསུམ་ཆོ་ག་ཉིན་བཞིའི་རིང་། དགུན་ཁ་ཁྲ་བླ་རྡོར་བཟང་དང་མཚམས་པ་སྨོན་ལམ་བཟང་པོ་གཉིས་ཀྱི་གདུང་མཆོད་གཅིག་འཐུས་སུ་ཉིན་གཉིས་ཀྱི་རིང་ལ་བཟང་སྤྱོད་སྨོན་ལམ་དང་། ལོ་གསར་གྱི་དགུ་གཏོར་ལ་དཔལ་རྟ་མཆོག་རོལ་བའི་སྒྲུབ་པ་ཟབ་མོ་ཉིན་བདུན་གྱི་རིང་། དཔྱིད་ཁ་རས་བྲིས་ཀྱི་སྒོ་ནས་དུས་འཁོར་རྙིང་བ་ཉིན་གཉིས་དང་། སྐྱ་སེར་ཡོངས་ཀྱིས་སྨྱུང་གནས་ཉིན་བཅུ་གཅིག་གི་རིང་ལ་འཚོགས་ནས། ཉིན་རེ་བཞིན་སྨྱུང་གནས་ཆོ་ག་ཐར་བའི་ཐེམ་སྐས་ལན་གསུམ་དང་མ་ཎི་བདེ་སྨོན་བཟང་སྤྱོད་སོགས་ལ་འབད་པ་ཡིན་ནོ།།

སྨྲས་པ།
ཆོས་སྲིད་ལོ་རྒྱུས་ཉལ་འགྲོའི་རྒྱུན་བཞིན་ལ། །
བསྲེ་སླད་རྡུལ་གྱི་སྙོགས་མ་བཅས་མ་བཅས། །
སྣ་ཚོགས་བཤད་པའི་ཁྲོད་དུ་འཇུག་མ་ནུས། །
རང་འདོད་སྙོགས་བྲལ་རླབས་ཀྱི་ཟེགས་མ་དགེ །

འོན་ཀྱང་ཐོས་ཆུང་བློ་ཡིས་དཔོག་མ་ནུས། །
འགལ་དང་མ་འབྲེལ་ཉེས་ཚོགས་མཆིས་མོད་དེ། །
གཟིར་གནས་མཁས་པའི་དྲུང་དུ་བཤགས་བགྱིད་ཀྱི། །
རྨོངས་བླུན་ཁ་ཡི་མུ་ཅོར་སུ་ཡིས་བཟློག །

འདི་ལྟར་བཤད་པའི་དགེ་ཚོགས་ཅུང་ཟད་ཅིག །
མཆིས་ན་དུས་གསུམ་སྐྱེ་འཕགས་དགེ་བ་དང་། །
འགྲོགས་ཏེ་འགྲོ་རྣམས་ཐམས་ཅད་མཁྱེན་པ་ཡི། །
གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ །

          ཞེས་གདོང་སྐོར་བཀྲ་ཤིས་ལྷ་ལུང་དགོན་ངེས་དོན་བཤད་སྒྲུབ་རྟག་བརྟན་དམ་ཆོས་གླིང་གི་ལོ་རྒྱུས་མདོར་བསྡུས་ས་བོན་ཙམ་བརྗོད་པ་གཡོ་སྒྱུའི་སྙོགས་བྲལ་དྭངས་གཙང་ཆུ་བོའི་རླབས་ཀྱི་ཟེགས་མ་ཞེས་བྱ་བ་འདི་ནི། ཇོ་ནང་ལོ་རྒྱུས་ཚོགས་པའི་དགོས་གལ་དང་བསྟུན། གོང་རིམ་ལ་ཆོས་སྒོ་འབྱེད་པའི་སྙན་ཞུ་འབུལ་བའི་སྐབས་སུ་མཁོ་བ་བཅས་ཀྱི་ཆེད་དུ་མཁན་མིང་ཙམ་འཛིན་པ་ངག་དབང་རིན་ཆེན་རྒྱ་མཚོས་ཉིན་ཐུང་ངུའི་རིང་ལ་བྲིས་ཤིང་རབ་རྒྱན་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོའི་ནག་པ་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ་རྫོགས་པར་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག    


No comments:

Post a Comment